R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 46
[A:46]ཟོམ་ལ་སྦས། གནམ་ནས་གསེར་གྱི་ཐིག་གུ་བྱུང་ནས་སྤུར་གྱི་སྟེང་དུ་ཐིམ་པས། གནམ་ལྷ་གསེར་ཐིག་ཏུ་མཚན་གསོལ་ནས། ད་ལྟ་ཡུལ་དེའི་ཡུལ་ལྷར་ཡོད་དོ། །དེ་ནས་རུ་ལས་སྐྱེས་ཀྱིས་ཉང་རོ་ཤམ་པོ་མཁར་གྱི་རི་ལ་བྱ་རྒོད་ཀྱི་ཚང་དུ་ཕྱིན། རྒོད་བསད་པའི་གསོབ་ཏུ་བཞུགས། ཤམ་པོ་མཁར་གྱི་རྩེ་ལ་བབས་ནས་ལོ་ངམ་ཕོ་བརྒྱ་བྲང་ལ་སླ་ང་བཀབ་ཅིང་བསད། ལོ་ངམ་མོ་བརྒྱ་མགོ་ལ་ཟངས་འུ་སྦུབས་ཤིང་བསད་། ལོང་ཕྲུག་ཐམས་ཅད་བྲག་ལ་བརྡབས་ཤིང་བསད། ཤམ་པོ་མཁར་གྱི་རྩེ་ཕབ་ནས་སྐུ་མཁར་འཕྱིང་བ་སྟག་རྩེའི་རྨང་རྡོ་བྱས་སོ། །ཤའུ་ཡུག་ཐམས་ཅད་སྣངས་སུ་སྤྱད་དོ། །དེ་ནས་རྗེ་སྤུ་དེ་གུང་རྒྱལ་གྱི་ཞལ་ནས། རུ་ལས་སྐྱེས་ཁྱོད་ཀྱིས་ངའི་ཡབ་ཀྱི་གོ་བགྱིས་ནས་ང་རྒྱལ་སར་བཏོན།་ སྲས་ཀྱི་གོ་བགྱིས་ནས་ཡབ་ཀྱི་སྐུ་མཚལ་གཉེར། ཁྱོད་ལ་ཆེ་སྨོན་ཆུང་སྨོན། མིང་ཁུ་ཁུ་ཁུ་ལྷ་བུ་སྨོན་བཟུང་དུ་འདོགས་སོ་ཟེར་རོ༑ །རྒྱལ་པོ་ཡབ་སྲས་འདི་གཉིས་ཀྱི་རིང་ལ་བློན་རུ་ལས་སྐྱེས་དང་དེའི་བུ་ལྷ་མགོ་དཀར་གཉིས་ཀྱིས་བྱས་ཏེ། ཡབ་གྲི་གུམ་བཙན་པོའི་རིང་ལ་ཞང་ཞུང་དང་། བྲུ་ཤའི་བོན་པོས་གཤིན་གྱི་དུར་བོན་བྱུང་ངོ་། །སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ་སྐུ་མཁར་འཕྱིང་བ་སྟག་རྩེ་བརྩིགས། སྒྲུང་དང་ལྡེའུ་བྱུང་།གནམ་བོན་གཤེན་པོ་ཆེ་བྱུང་པོ་། །བློན་པོ་མཛངས་པོ་དེ་གཉིས་ཀྱི་རིང་ལ། འབྲོང་ཐུལ་དུ་སྡེབས། ཆུ་ཡུར་བར་བཅུག སྤང་ཞིང་དུ་རྨས། སོལ་བས་རྡོ་བཞུ་དངུལ་ཟངས་ལྕགས་གསུམ་བཏོན།