[A:47]ཆུ་ལ་ཟམ་པ་བཙུགས་སོ། །སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ། ལག་དཔོན་རུ་ལས་སྐྱེས་ཀྱིས་བྱས་ཟེར་རོ། །སྤུ་དེ་གུང་རྒྱལ་དང་འོམ་ཐང་སྨན་མཚོའི་སྲས་ཨེ་ཤོ་ལེགས། དེ་དང་རྨུ་ལྕམ་བྲ་མ་ནི་སྲས་དེ་ཤོ་ལེགས། དེ་དང་ཀླུ་སྨན་མེར་མོའི་སྲས་ཐི་ཤོ་ལེགས།དེ་དང་བཙན་མོ་གུར་སྨན་གྱི་སྲས་གུང་རུ་ལེགས། དེ་དང་མཚོ་སྨན་འབྲོང་མའི་སྲས་འབྲོང་ཞེར་ལེགས། དེ་དང་སྨན་བུ་མོའི་སྲས་ཨི་ཤོ་ལེགས། དེ་རྣམས་སའི་ལེགས་དྲུག་ཡིན། ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། ཨི་ཤོ་ལེགས་དང་རྨུ་ལྕམ་སྨད་ལེགས་ཀྱི་སྲས་ཟ་ནམ་ཟིན་ལྡེ། དེ་དང་མཚོ་སྨན་ཁྲི་དཀར་གྱི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེ་དང་སེ་གཉན་མང་པོའི་སྲས་སེ་སྣོལ་གནམ་ལྡེ། དེ་དང་ཀླུ་མོ་མེར་མའི་སྲས་སེ་སྣོལ་པོ་ལྡེ། དེ་དང་འོ་ཟ་ཏེ་མོ་མཆོའི་སྲས་ལྡེ་སྣོལ་ནམ། དེ་དང་ཁྲི་སྨན་རྗེ་མའི་སྲས་ལྡེ་སྣོལ་པོ། དེ་དང་ས་བཙུན་གཉན་རྗེའི་སྲས་ལྡེ་རྒྱལ་པོ། དེ་དང་སྨན་བཙུན་ལུག་སྐོང་གི་སྲས་ལྡེ་སྤྲིན་བཙན། དེ་དག་ནི་ལྡེ་བརྒྱད་དོ། །ལྡེ་བརྒྱད་དུར་བཏབ་ཆུ་བོའི་གཞུང་ལ་བཏབ། ལྡེ་སྤྲིན་བཙན་དང་ཉི་བཙུན་མང་མ་རྗེའི་སྲས་རྒྱལ་ཏོ་རི་ལོང་བཙན། འདིའི་རིང་ལ་མཐོན་མི་འབྲིང་པོ་རྒྱལ་དང་། གནུབས་སྨན་ད་རེ། འདར་གྱི་བུ་སྟོང་དར་རྗེ་རྣམས་ཀྱིས་བློན་པོ་བྱས་སོ། །འདིའི་ཡན་གྱི་རྒྱལ་པོ་དེ་རྣམས་ཀྱིས་ལྷ་ཀླུའི་བུ་མོ་བཞེས་ཏེ། བཙུན་མོའི་རྟེན་དོག་ལ་མ་འཚལ་ཟེར་ཏེ། ས་ལ་རོ་མ་བྱུང་སྐད། འདི་མན་ཆད་