[A:48]འབངས་དང་གཉེན་བསྲེས་ཏེ། རྒྱལ་ཏོ་རེ་ལོང་བཙན་དང་འོམ་ལྡེ་བཟའ་ཁྲི་བཙུན་བྱང་མའི་སྲས་ཁྲི་བཙན་ནམ། འདིའི་རིང་ལ་གནུབས་གཉའ་དོ་རེ་གཙུག་བློན་དང་། དབས་ཁྲི་ཟུང་ནོང་ཁོང་གིས་བློན་པོ་བྱས་སོ། །རྗེ་དེ་དང་སྨན་ས་ཁྲི་དཀར་གྱི་སྲས་ཁྲི་སྒྲ་སྤུངས་བཙན། འདིའི་རིང་ལ་འགར་སྒྲ་ཛི་མུན་དང་། ཐོན་མི་ཀླུ་མང་དྲེད་པོས་བློན་པོ་བྱས་སོ། །རྗེ་དེ་དང་སྨན་བཟའ་ཀླུ་སྟེང་གི་སྲས་ཁྲི་ཐོག་རྗེ་ཐོག་བཙན། བློན་མགར་བཙན་གཉའ་ལྡོམ་བུ་དང་།གནུབས་སྐྱེས་ཐོག་རྗེ་མོང་བཙན་གྱིས་བྱས་སོ། །དེ་ཡན་ཆད་དུ་མི་རྗེ་ལྷས་མཛད་ནས་གདུང་རབས་ཉི་ཤུ་རྩ་བདུན་དུ། ཆབ་སྲིད་སྒྲུང་ལྡེའུ་བོན་དང་གསུམ་གྱིས་བསྐྱངས་སོ་ཞེས་སོ། །ཁྲི་ཐོག་རྗེ་ཐོག་བཙན་དང་རུ་ཡོངས་བཟའ་སྟོང་རྒྱལ་ན་མོ་མཚོའི་སྲས་ལྷ་ཐོ་ཐོ་རི་སྙན་བཙན་ལགས་སོ། །འདིའི་རིང་བློན་པོ་ཁྲི་ཐོག་རྗེ་གཙུག་བློན་དང་།སྦྲང་ཁྲི་ཟུང་ལན་པས་བྱས། རྒྱལ་པོ་འདི་ནི་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། ཕོ་བྲང་སྐུ་མཁར་ཡུམ་བུ་བླ་སྒང་གི་སྟེང་དུ་སྤང་སྐོང་ཕྱག་བརྒྱ་པ་དང་། གསེར་གྱི་མཆོད་རྟེན་ཁྲུ་གང་བ་གཅིག མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་འབྲུ་དྲུག་པ། ཙིན་ཏ་མ་ཎིའི་རྐོས་ཕོར།མུ་དྲའི་ཕྱག་རྒྱ་རྣམས་ནམ་མཁའ་ལ་བྱོན། དེ་ནས་ད་སྟེ་གདུང་རབས་ལྔ་ན་འདིའི་དོན་ཤེས་པར་འགྱུར་རོ་ཞེས་སྒྲ་གྲགས་ཏེ་ལུང་བསྟན་ཏོ། །ཅི་ཡིན་ངོ་མ་ཤེས་ཀྱང་། ངོ་མཚར་ཆེ་ནས་ཕོ་བྲང་གི་སྐོར་ཁང་དུ་བཞུགས་ཏེ། གསེར་སྐྱེམས་དང་གཡུ་སྔོན་དང་