R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 49
[A:49]འབྲས་ཀྱིས་མཆོད་པས། རྒྱལ་པོ་དགུང་ལོ་བརྒྱད་ཅུ་ལོན་པ་ལ་ཡང་སེའུ་སྐྱེས། སྐྲ་དཀར་རྣམས་ཀྱང་ནག་པོར་གྱུར། གཉེར་མ་མེད་ཅིང་སྐུ་གཞོན་ཤ་ཅན་དུ་གྱུར་ནས་དགུང་ལོ་བརྒྱ་དང་ཉི་ཤུ་བཞེས་ཏེ།མཆོད་པའི་རྟེན་དེ་དག་ལ་གཉན་པོ་གསང་བ་ཞེས་བྱ་བར་མཚན་གསོལ། རྒྱལ་པོ་འདིའི་རིང་ལ་ཐོག་མར་དམ་པའི་ཆོས་ཀྱི་དབུ་བརྙེས་པའོ། །དེ་ལ་བཙན་ལྔ་ཞེས་ཟེར་རོ། །བཙན་ལྔ་མན་ཆད་བང་སོ་ཡུལ་དུ་བཏབ། ཡུལ་གྱི་མིང་ནི་འཕྱོང་ལུང་ང་ར་ཐང་།བཙན་ལྔའི་མཆད་པ་ས་ཕུང་སྦྲ་འདྲ་ཡོད་། ཡུལ་མེད་མཆད་པ་གྲུ་བཞི་མི་ཤེས་སྐད། རྗེ་དེས་གྲང་ཡུལ་གུར་སྨན་ཞེས་པ་ལ་སྲས་མེད།རྣོ་བཟའ་མང་པོ་རྗེའི་སྲས་ཁྲི་གཉན་གཟུངས་བཙན། དེའི་བློན་པོ་དབས་སྣང་གཞེར་ཟླ་བཙན་དང་། མགར་ཁྲི་འབྲིང་གིས་བྱས་སོ། །ཁྲི་གཉའི་མཆད་པ་དོན་དཀར་མདའ་རུ་བརྩིགས། དེ་ཡང་ཡུལ་མེད་ས་ཕུང་བདལ་བ་འདྲ། རྗེ་དེ་དང་འབྲོང་བཟའ་མོ་དུར་ཡངས་གཞེར་གྱི་སྲས་འབྲོང་གཉན་ལྡེའུ་སྟེ། བློན་པོ་གཉགས་ཐང་བ་ཡར་རྗེ་དང་། གནུབས་ཁྲོ་དར་རེ་མཐོང་པོས་བྱས། རྒྱལ་པོ་དེའི་སྲས་སྟག་རི་གཉན་གཟིགས་དང་གཉིས་ལ་བར་གྱི་སྟེང་ཟེར། དེའི་ལོ་རྒྱུས་ནི་རྒྱལ་པོའི་ཁབ་ཏུ་དྭགས་པོ་ནས་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་བཞེས་པས། མོས་ཟས་ཅི་ཟོས་ཀྱང་རིད་ཅིང་། སྔར་བས་བཞིན་མི་སྡུག་པར་གྱུར་ནས་རྒྱལ་པོས་དྲིས་པ། ཁྱོད་སྔར་ནི་མིའི་བུ་མོ་མི་འདྲ་བ། ལྷའི་སྲས་འདྲ་སྟེ། ད་འདི་ལྟོར་རྗུད་