R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 4
[A:4] དང་པོ། འཇིག་རྟེན་ཁམས་ཇི་ལྟར་གྲུབ་ཚུལ་དང་། མང་པོས་བཀུར་བའི་གདུང་རྒྱུད་ལས་སྟོན་པ་སངས་རྒྱས་རྒྱ་གར་དུ་བྱོན་ནས་སངས་རྒྱས་ཆོས་ལུགས་ཇི་ལྟར་སྤེལ་བའི་སྐོར། དང་པོ། འཇིག་རྟེན་གྱི་ཁམས་གྲུབ་པའི་རྐྱེན་ནི། དེར་སྐྱེ་བར་འགྱུར་བའི་སེམས་ཅན་རྣམས་ཀྱིས་ལས་མཐུན་པར་བསགས་པའི་་དབང་ལས་སོ། །མངོན་པར་གྲུབ་པའི་ཚུལ་ནི། ནམ་མཁའ་སྟོང་པའི་དབྱིངས་སུ་ཕྱོགས་བཅུ་ནས་རླུང་གཡོས་ནས་ཕན་ཚུན་ཕུལ་ཏེ་བརྟན་ཞིང་མི་གཡོ་བར་གྱུར་པ། འཛམ་པ་ཞེས་བྱ་བའི་རླུང་གི་དཀྱིལ་འཁོར། ཁ་དོག་སྡོ་སྐྱ་ཤིན་ཏུ་སྲ་བ། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང་རྒྱར་གྲངས་མེད་པ་དང་ལྡན་པ་ཆགས་སོ། །དེའི་སྟེང་དུ་ཆགས་པ་ནི་འོག་གི་རྒྱ་མཚོ་སྟེ། རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། ཐད་ཀར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ། བརྒྱ་ཕྲག་ཕྱེད་དང་ལྔའོ།།