[A:5]དེའི་སྟེང་དུ་ཆགས་པ་ནི་གསེར་གྱི་ས་གཞི་སྟེ་རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲིའོ། །དེའི་སྟེང་དུ་ཆར་གྱི་རྒྱུན་བབས་པ་ལ་ཆགས་པ་ནི་ཆུའི་རྒྱ་མཚོ་ཆེན་པོ་སྟེ། དེ་རླུང་གིས་བསྲུབས་པས་ཁམས་རབ་བསྡུས་པ་ལས་རི་རབ་དང་། འབྲིང་ལ་གསེར་གྱི་རི་བདུན་དང་། ཐ་མ་ལ་ལྕགས་རི་དང་། སྣ་ཚོགས་བསྡུས་པས་གླིང་རྣམས་ཆགས་སོ། །དེ་ལ་རི་རབ་ལྷུན་པོའི་རྒྱུ་ནི། ཤར་དངུལ། ལྷོ་བཻཌཱུརྱ། ནུབ་ཤེལ་དམར་པོ། བྱང་གསེར་གྱི་རང་བཞིན་ལས་གྲུབ་པའོ། །གཞན་རི་བདུན་ནི་གསེར་འབའ་ཞིག་དང་།་ གླིང་གཞན་རྣམས་ནི་ས་ཤས་ཆེ་བའི་ཁམས་སྣ་ཚོགས་འདྲེས་པ་དང་། ཁོར་ཡུག་ནི་ལྕགས་ཀྱི་རང་བཞིན་ལས་གྲུབ་པའོ། །ཚད་ནི་རི་རབ་རྒྱ་མཚོའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་ཅིང་། སྟེང་དུའང་དཔག་ཚད་བརྒྱད་ཁྲི་འཕགས་ལ།ཀུན་ནས་ལྷུན་ཆགས་པའི་དོན་གྱི་ན་ལྷུན་པོའོ། །དེ་ནས་རིམ་པ་བཞི་ན། གཉའ་ཤིང་འཛིན་དཔག་ཚད་བཞི་ཁྲི། ཤོལ་མདའ་འཛིན་ཉི་ཁྲི། སེང་ལྡན་ཆིག་ཁྲི། ལྟ་ན་སྡུག་ལྔ་སྟོང་། རྟ་རྣ་ཉིས་སྟོང་ལྔ་བརྒྱ། རྣམ་འདུད་སྟོང་ཉིས་བརྒྱ་ལྔ་བཅུ། མུ་ཁྱུད་འཛིན་དྲུག་བརྒྱ་ཉི་ཤུ་རྩ་ལྔ་སྟེ། གསེར་གྱི་རི་བདུན་ནོ། །དེ་དག་གི་བར་ན་གནས་པ་ནི་རོལ་པའི་མཚོ་བདུན་ནོ། །དེའི་ལྷོ་ཕྱོགས་ན་འཛམ་བུའི་གླིང་ཡོད་དེ། ཤིང་རྟའི་དབྱིབས་ལྟ་བུའོ། །དེའི་ཚད་ནི་ངོས་ཆུང་ཤོས་ལྕགས་རི་ལ་བསྟན་པ་ལ་དཔག་ཚད་ཕྱེད་དང་བཞི་བརྒྱ་དང་། ངོས་གཞན་གསུམ་ལ་སྟོང་ཕྲག་གཉིས་གཉིས་ཏེ། མཐའ་སྐོར་ལ་ནི་དཔག་