R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 51
[A:51]སྨན་པ་བོས་ལ་མིག་ཕྱེ། མིག་མ་བྱུང་ན་སུམ་པའི་ཡུལ་ན་བོན་པོ་གཅིག་གི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ལ་ནུབ་གཅིག་འགྲོགས་པའི་ཤར་མོ་ཙམ་ལ་སྐྱེས་པའི་སུམ་རི་རོང་པོ་བྱ་བ་ཡོད་པས། དེ་བོས་ལ་གཅེན་ཆོལ། རྒྱལ་སར་ཆུག་གསུངས་ནས་དུར་དུ་བཞུགས་སོ།།འབྲོངས་གཉན་ལྡེའུའི་བང་སོ་ཞང་མདའ་རུ་བཅིགས།རྗེ་འབངས་གསུམ་ཀ་གསོན་པོར་བང་སོར་གཤེགས། དེ་ནས་དམུས་ལོང་དཀོན་པ་བཀྲ་ཤིས་ཀྱིས་གཉན་པོ་གསང་བ་ལ་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་། འ་ཞའི་སྨན་པ་གཅིག་བོས་ནས་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེ་མོར་མིག་ཕྱེ་བས། སྐྱིད་ཤོད་སྟག་མོའི་རི་ལ་གཉན་རྩྭ་ཟ་བ་མཐོང་། མཚན་ཡང་སྟག་རི་གཉན་གཟིགས་སུ་གསོལ་ནས་རྒྱལ་སར་བཅུག་གོ །རྒྱལ་པོ་འདིའི་རིང་ལ་བློན་པོ་མོང་ཁྲི་དོ་རེང་སྣང་བཙན་དང་། སྣ་ནམ་མང་གཉའ། སྦྲང་ཁྲི་ཟུང་ལན་པ་རྣམས་ཀྱིས་བྱས་སོ། །ཡབ་སྲས་དེ་གཉིས་ཀྱི་བར་ཞག་ཉི་ཤུ་རྩ་གཅིག་ཏུ་གདུང་ལྡེངས་སྐད་དོ། །སྟག་རི་གཉན་གཟིགས་ཀྱི་བང་སོ་དོན་མཁར་མདའ་རུ་བརྩིགས། གྲལ་ནི་ཁྲི་གཉའི་གོང་ངོས་གཡོན་ན་ཡོད། དེ་ཡང་ཕུལ་མེད་ས་ཕུང་བདལ་བ་འདྲ། སྟག་གུའི་ལྐོག་ན་བཙུན་མོ་འབྲོ་བཟའ་སྨུན་བཙན་དང་། མོན་བུ་རྒྱལ་མཚན་གཉིས་ཀྱི་བང་སོ་ཕུང་གཉིས་ཡོད་དོ། །སྟག་རི་གཉན་གཟིགས་དང་འོལ་གོང་བཟའ་སྟོང་བཙུན་འབྲོ་དཀར་གྱི་སྲས་གནམ་རི་སྲོང་བཙན། དེའི་བློན་པོ་དབས་སྣང་བཞེར་དང་། ཚེ་སྤོང་ན་ག་ན་སེར། ཉང་ཙོང་གུ་གནོན་