[A:61]ཁང་བཞེངས་པའི་ལོ་རྒྱུས་ཤིན་ཏུ་ངོ་མཚར་བ་རྣམས་རྒྱལ་རབས་སྔ་མ་ཕལ་ཆེ་བ་ན་ཡོད་པས་འདིར་མ་བྲིས། སླར་ཡང་བྷི་མ་ལ་མི་ཏྲ་ལ་སོགས་པའི་པཎྚི་ཏ་མང་པོ་སྤྱན་དྲངས། སད་མི་མི་བདུན་ལ་སོགས་འབངས་བློ་རྣོ་བ་མང་པོ་རབ་ཏུ་བྱུང་ནས། དབུའི་མཆོད་གནས་སུ་བཀུར། བཻ་རོ་ཙ་ན་ལ་སོགས་པ་ལོ་ཙྪ་བ་སློབ་ཏུ་བཅུག་ནས། སྡེ་སྣོད་གསུམ་ཀ་བོད་དུ་བསྦྱུར། སྒོམ་གྲྭ་ཆེན་པོ་བཞི་བཙུགས།སངས་རྒྱས་གྱི་བསྟན་པ་ཤིན་ཏུ་དར་བར་མཛད་དོ། །དེའི་ཚེ་བློན་པོ་འགོས་ཀྱིས་མཆིད་ནས། ལྷ་ཆོས་ནི་རྒྱས་པར་མཛད་ལགས་ཏེ།ད་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་ཀྱང་བྱ་བར་ཅི་གནང་ཞུས་པས། ཆོས་ཀྱི་རྒྱལ་པོས་རྗེའི་གདུང་རབས།་འབངས་ཀྱི་ས་བཅད། དཀོན་མཆོག་ལ་ཕྱག་མཆོད། ཡརབས་ལ་ཞེ་ས་། གཏམ་དང་ལོ་རྒྱུས།བཟང་པོའི་ལས་ཐབས་ལག་རྗེས། ཕ་མེས་ཀྱི་དགེ་དང་ཡིག་ཚང་གིལུགས་རྒྱས་བར་གསུངས་སོ། །མཁན་པོའི་ཞལ་ནས་བོད་ཡུལ་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསྟན་མ་བཅུ་གཉིས་དམ་ལ་བཏགས་ནས། མུ་སྟེགས་མི་འབྱུང་གི་ནང་པ་ལྟ་བ་མི་མཐུན་པ་བྱུང་བས། དེ་དུས་ངའི་སློབ་མ་ཀ་མ་ལ་ཤི་ལ་གདན་དྲོངས་ཤིག རྩོད་པ་ཆོས་ཕྱོགས་སུ་བཟླུམས་པར་འགྱུར་རོ་ཞེས་ལུང་བསྟན་ནས་མྱ་ངན་ལས་འདས་པས། བཙན་པོས་ཆོས་ཀྱི་རིང་ལུགས་ཡེ་ཤེས་དབང་པོ་ལ་བསྐོས། ཁོང་ལྷོ་བྲག་ཏུ་སྒོམ་པ་ལ་བཞུད་པའི་རྗེས་སུ།རིང་ལུགས་དབས་དཔལ་དབྱངས་ལ་བསྐོས། འདིའི་དུས་སུ་སྟོན་