R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 62
[A:62]བོན་ལྟ་བ་མི་མཐུན་པར། སློབ་དཔོན་ཀ་མ་ལ་ཤི་ལ་སྤྱན་དྲངས་པས། རྩོད་པ་ཆོས་ཕྱོགས་སུ་བཟླུམས་ཤིང་། ཀ་མ་ལ་ཤི་ལས་སྒོམ་རིམ་གསུམ་མཛད་ནས་རྒྱལ་པོའི་ཕྱག་ཏུ་ཕུལ། བཙན་པོའི་ཞལ་ནས་རྒྱ་གར་གྱི་མཁས་པ་རབ་ཏུ་བྱུང་པ་སྤྱན་དྲངས་ཏེ། ངེད་ཀྱིས་ཡོན་བདག་བྱས། ལོ་ཙྪ་བས་གཏན་ལ་ཕབ་པའི་ཆོས་ལ་འཇུག་པར་བྱའོ། །པཎྜི་ཏས་མ་བཤད། ལོ་ཙྪ་བས་མ་བསྒྱུར། རྒྱལ་པོས་ཡོན་བདག་མ་བྱས་པའི་ཆོས་ལ་འཇུག་པར་མི་བྱའོ་ཞེས་བཀའ་ནན་དྲག་ཏུ་བསྩལ་ཏེ། བཀའ་ཚིགས་ཀྱི་མི་གེ་གསུམ་མཛད། ལྟ་སྤྱོད་དྲི་མ་མེད་པ་ལ་བཀོད། རྒྱལ་པོ་ཉིད་ཀྱིས་ཀྱང་རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པའི་འགྲེལ་པ་ཆེན་པོ་བམ་པོ་བདུན་ཅུ་རྩ་བརྒྱད་པ་དང་།གྲུབ་པའི་མཐའ་འགྲོལ་བ་ཤོ་ལོ་ཀ་བཞི་བཅུ། བཀའ་ཡང་དག་པའི་ཚད་མ་བམ་པོ་བདུན་ལ་སོགས་པ་བསྟན་བཅོས་མང་དུ་མཛད་དོ། །དེ་ལྟོར་ཆོས་སྐྱོང་པའི་རྒྱལ་པོ་དེ་ཉིད་དགུང་ལོ་ལྔ་བཅུ་རྩ་དྲུག་པ་ཤིང་མོ་གླང་གི་ལོ་ལ་ཟུང་མཁར་དུ་སྐུ་གཤེགས་ཞེས་རྒྱལ་རབས་འགའ་ཞིག་ནས་བཤད་ཅིང་། བང་སོ་ནི། ཁྲི་སྲོང་ལྡེ་བཙན་བང་སོ་མུ་ར་རི་ལ་བརྩིགས། །གྲལ་ནི་ཡབ་ཀྱི་རྒྱབ་ངོས་གཡས་ན་བཞུགས། །ཡབ་ཀྱི་འོད་པ་བསྲུངས་མ་ལགས་སོ་སྐད། །དེ་ནི་མ་གྲོངས་པ་ནས་ཉིད་ཀྱིས་བརྩིགས། །མིང་ནི་འཕྲུལ་རི་གཙུག་སྣང་བྱ་བར་བཏགས། །བང་སོ་ཕྱི་རྒྱན་ཅན་ཞེས་གྲགས་པ་ཡིན། །དེའི་རྩ་ན་རྡོ་རིངས་ཡི་གེ་ཅན་གཅིག་ཀྱང་ཡོད་ཅེས་བཤད་ཀྱང་། དབའ་བཞེད་ན། རྒྱལ་