R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 63
[A:63]སྲིད་མུ་ནི་བཙན་པོ་ལ་བསྐོས་ནས། རྒྱལ་པོ་ཟུང་མཁར་དུ་སྒོམ་དུ་བཞུགས་ཞེས་བཤད་ཅིང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ལོ་རྒྱུས་གཏེར་མ་འགའ་ཞིག་ནས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་སྐུ་ཚེའི་ཚད་དགུང་ལོ་ལྔ་བཅུ་རྩ་དྲུག་ལས་མེད་པ་ལས། སློབ་དཔོན་གྱིས་སྐུའི་རིམ་གྲོ་མཛད་པས། དགུང་ལོ་བཅུ་གསུམ་ཕྱིར་ནུར་ནས་དྲུག་ཅུ་རྩ་དགུ་ལ་གཤེགས་ཞེས་ཟེར། འདི་རྣམས་ཡི་གེ་མང་གྱིས་དོགས་ནས་འགོ་སྨོས་པ་ཙམ་ཡིན་གྱི། རྒྱས་པར་དབའ་བཞེད་དུ་ལྟ་བར་བྱའོ། །རྗེ་དེ་དང་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ལ་སྲས་བཞི། མུ་ཁྲི་བཙན་པོ་སྐུ་ནར་མ་སོན་པ་ལ་གཤེགས་ཏེ་བང་སོ་མེད་དོ། །མུ་ནེ་བཙན་པོ་ཆུ་ཕོ་སྟག་གི་ལོ་ལ་བྲག་དམར་དུ་འཁྲུངས། ལོ་གཅིག་དང་ཟླ་བ་དགུར་རྒྱལ་ས་བཟུང་། བོད་འབངས་ལྟོགས་ཕྱུག་ལན་གསུམ་མཉམ།སྡེ་སྣོད་གསུམ་གྱི་མཆོད་པ་བཙུགས། མདོ་སྡེའི་མཆོད་པ་ད་དུང་ཡང་ཡོད་དོ། །ཉི་ཤུ་རྩ་དགུ་ལ་ཕོ་བྲང་ཡུམ་བུར་ཡུམ་གྱིས་དུག་བཏང་ནས་དཀྲོངས། མུ་ཏིག་བཙན་པོས་ཞང་སྣང་ནམ་རྒྱལ་ཚ་ལྷ་སྣང་གི་བུ་ཞང་བཙན་པ་དབུ་རིང་བསད་པས་སྤྱུགས་ཏེ། སྣ་ནམ་གྱིས་རྟ་དཀྲོགས་ནས་རྟ་གྱིར་དཀྲོངས་སོ། །ཁུ་ཆེན་མུ་ནེ་བཙན་པོའི་བང་སོ་ནི་ཨག་ཚོམ་བང་སོའི་གཡས་ངོས་མདུན་ན་ཡོད། མིང་ནི་ལྷ་རི་འདེམ་བུ་ལགས་སོ་སྐད། མུ་ཏིག་བཙན་པོའི་བང་སོ་ནི་དཀའ་མདའ་ན་ཡོད། མིང་ནི་སྐྱ་རི་སྐྱ་ལྡེམས་ལགས་སོ་སྐད། དེ་དག་གི་གཅུང་པོ་ཆུང་བ་ནི། ཁྲི་ལྡེ་སྲོང་བཙན་ཏེ། དེ་ལ་སད་ན་ལེགས་མཇིང་ཡོན་