R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 64
[A:64]ཟེར། ཤིང་མོ་ལུག་ལ་བྲག་དམར་དུ་འཁྲུངས། ལོ་ཉི་ཤུ་རྩ་བཞི་ན་གཅེན་གྲོངས་ནས་རྒྱལ་སྲིད་ལོ་སུམ་ཅུ་སོ་གཉིས་བཟུང་། རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང་། ཀ་མ་ལ་ཤི་ལ་ཛྙ་སེ་ན། བལ་པོ་ཧུམ་ཀ་ར་རྣམས་ཀྱི་ཞབས་ན་བཏེག སྔར་མ་བསྒྱུར་བའི་ཆོས་མང་པོ་བསྒྱུར། སྐར་ཆུ་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བཞེངས་སུ་གསོལ། བོད་འབངས་བདེ་བ་ལ་བཀོད། དགུང་ལོ་ལྔ་བཅུ་རྩ་བཞི་མེ་མོ་བྱ་ལོ་ལ་སྒྲགས་ཀྱི་ཕུར་འདས་སོ། །རྒྱལ་ཆེན་བང་སོ་འཕྲུལ་རྒྱལམདུན་ན་ཡོད། །ཡུམ་གྱི་ཆབ་གང་སྐོངས་པས་ནངས་ཀྱི་མཐོ། །མིང་ནི་རྒྱལ་ཆེན་འཕྲུལ་རི་ལགས་སོ་སྐད། །རྗེ་དེ་ལ་སྲས་ལྔ་ནི། གཙང་མ། དར་མ། རལ་པ་ཅན། ལྷུན་རྗེ།ལྷུན་གྲུབ་བོ། །ལྷུན་རྗེ་ལྷུན་གྲུབ་གཉིས་སྐུ་གཞོན་ནུར་གཤེགས་པས་བང་སོ་ཡང་མེད་སྐད། བར་པ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་མེ་ཕོ་ཁྱི་ལ་འཁྲུངས། ལོ་བཅུ་གཉིས་ལ་ཡབ་འདས་ནས་མངའ་གསོལ།བློན་པོ་བྲང་ཁ་དཔལ་གྱི་ཡོན་ཏིན་གྱིས་བྱས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་པཎྜི་ཏ་མང་པོ་སྤྱན་དྲངས། སྔར་མ་བསྒྱུར་བའི་ཆོས་མང་པོ་བསྒྱུར། སྐད་གསར་བཅད་ཀྱིས་གཏན་ལ་ཕབ།བཀས་བཅད་རྣམ་པ་གསུམ་མཛད། ཐ་ན་བྲེ་དང་སྲང་ལ་སོགས་པ་རྒྱ་གར་དང་མཐུན་པར་བཅོས་སོ། །རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། ཐུགས་དམ་དུ་འོ་ཤང་རྡོ་དཔལ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་ལ་སོགས་པ་བཞེངས།