R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 75
[A:75]གཙུག རྣལ་འབྱོར། སྨོན་ལམ། གཙུག་ལྡེ་ལ་སྲས་མེད། ཁྲི་གཙུག་གིས་བྱ་ས་དང་དོ་སྔོན་ལ་སོགས་བཟུང་། དེའི་སྲས་ཁྲི་བཙན།དེའི་སྲས་ཤ་ཁྲི། དེའི་སྲས་ལྷ་ཁྲི་ལ་སོགས་ཡར་མདའ་ན་ཡོད་པ་རྣམས་ཡིན་ནོ། །ཇོ་བོ་རྣལ་འབྱོར་གྱི་གཅུང་པོ་སྨོན་ལམ་ཀྱང་རབ་ཏུ་བྱུང་ནས། སྤུག་གུ་དོའི་གཟིམ་ཁང་དཀར་པོ་བརྩིགས། ཆོས་ཁྲིམས་མཛད། གསེར་གྱི་མདོ་དང་རྒྱས་པ་བཞེངས། སྦྱིན་གཏོང་དང་བསྟན་པའི་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་མཛད། ཇོ་བོ་རྣལ་འབྱོར་གྱིས་འབངས་བརྩིགས་སུ་བཞུགས་ནས་རྒྱལ་སྲིད་བཟུང་།སྐུ་མཆེད་འདི་རྣམས་ཀྱིས་སྤྱིར་བསྟན་པའི་ཞབས་ཏོག་དུ་མ་མཛད་ཅིང་། ཁྱད་པར་དུ་རྗེ་སྤྱན་མངའ་རིན་པོ་ཆེའི་སྦྱིན་བདག་གི་རྩ་བ་མཛད། སྤྱན་མངའ་རིན་པོ་ཆེ་འབྲི་གུང་དུ་བཞུགས་པའི་དུས་སུ་ནན་གྱིས་གདན་དྲངས་པས། རྗེ་རིན་པོ་ཆེ་ཉིད་ཀྱི་དགོངས་པ་ལ།ཁོང་རང་འབྲི་གུང་དུ་བཞུགས་ནས་འཕྲིན་ལས་ཡོང་བར་དགོངས་ཏེ་དབོན་པོ་བླ་མཆོད་ལ་གནང་ནས། ལྷ་སྲས་བཙན་པོའི་བླ་མཆོད་ཀྱི་སྐོས་མི་འཕམ་རྒྱལ་བར་ཡོད་ཀྱི་ཨང་གསུང་པས། རྒྱལ་བ་རིན་པོ་ཆེར་གྲགས་པ་དེ་སྤྱན་དྲངས་ནས། གདན་ས་ཕག་མོ་གྲུར་བཞུགས་སུ་གསོལ་བ་ལ་སོགས་པ་རིན་པོ་ཆེའི་ཞབས་ཏོག་མང་དུ་མཛད། ཇོ་བོ་རྣལ་འབྱོར་གྱི་སྲས་གསུམ་གྱི་བར་པ་རབ་ཏུ་བྱུང་ནས། སྤྱིལ་བུའི་གདན་ས་བཟུང་། ལྷ་ཆེན་ནོར་གྲགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན་ནོ། །སྤྱིལ་བུའི་བཀའ་བརྒྱུད་ཀྱི་སྐབས་སུ་འཆད་