[A:76]པར་བྱའོ། །གཅུང་པོ་ཡང་འབྲི་གུང་དུ་བླ་མ་གཅུང་རིན་པོ་ཆེའི་སར་ལྷ་བཙུན་མཛད་ནས། ལྷ་ངམ་ཤོད་པར་གྲགས། གཅེན་སོ་འབག་གིས་རྒྱལ་སྲིད་བཟུང་། སྲས་ལྔ་ལ། ཆེ་བ་ཇོ་བོ་ཤཱཀྱ་མགོན། ལྷ་འགྲོ་བའི་མགོན་པོ། ལྡེ་པ། ལྡེ་ཆུང་། ཇོ་རྒྱལ་རྣམས་ཡིན་ལ་ལྷ་འགྲོ་བའི་མགོན་པོས་ཁུ་བོའི་སར་བྱོན་ནས། སྤྱིལ་བུའི་གདན་ས་མཛད་དེ། སྐུ་ཆེ་བའི་ཡོན་ཏན་ཡང་བཀའ་བརྒྱུད་ཀྱི་སྐབས་སུ་བཤད་པར་བྱའོ། །ལྡེ་པོས་འབངས་བརྩིགས་བཟུང་། དེའི་སྲས་ཇོ་བོ་ཤཱཀྱ་དཔལ་གྱིས་འབངས་བརྩིགས་སུ་རྒྱལ་སྲིད་བཟུང་། གཡེ་ཆེ་ཆུང་དང་བཅས་པ་ལ་དབང་སྒྱུར་རོ། དེའི་སྲས་ཇོ་བོ་ཤཱཀྱ་དཔལ་གྱིས་འགྲོ་མགོན་ཆོས་ཀྱི་རྒྱལ་བོའི་དྲུང་དུ་རབ་ཏུ་བྱུང་། མཁན་པོ་བླ་མ་ཆེན་པོ་ཉིད་དང་། སློབ་དཔོན་དྲུང་བདག་ཆེན་པོའི་ཡབ་ཡེ་འབྱུང་གིས་བྱས། མིང་མཁན་པོ་དང་སྦྱར་ཏེ་བློ་གྲོས་དཔལ་བཟང་པོ་བྱ་བར་བཏགས་ནས་ཉེ་གནས་བྱས་པ་ལ་སྲས་མེད། ལྡེ་ཆུང་གཞོན་ནུར་གཤེགས། ཆུང་བ་ཇོ་རྒྱལ་བུ་ལུར་ཕོག དེའི་སྲས་བརྩད་པོ་ཇོ་འཕེལ། དེའི་སྲས་ཆེ་བ་སྤྱིལ་བུར་རབ་ཏུ་བྱུང་ནས་གདན་ས་མཛད་པ་ལ། ལྷ་ཟུར་ཁང་པར་གྲགས་སོ། །གཅུང་པོའི་རྒྱུད་ཁྲོམ་པོ་བ་རྣམས་ཡིན་ནོ། །གཅེན་པོ་ཇོ་བོ་ཤཱཀྱ་མགོན་གྱིས་གཅུང་པོ་རྣམས་ས་སར་ཕོག་ནས་ཁོང་རང་གིས་ཕོ་བྲང་གནས་ཆུང་བཏབ། ཆོས་རྗེ་ས་སྐྱ་པཎྜི་ཏ་གདན་དྲངས་ནས་དབྱར་གནས་ཀྱི་སྦྱིན་བདག་མཛད། ཆོས་ཀྱི་འཁོར་ལོ་སྐོར། རྒྱུད་གསུམ་གདམས་