[A:78]བཞི་ལོན་པ། ས་ཕོ་འབྲུག་ལོ་ལ་ཞི་བར་གཤེགས་སོ། །དེའི་སྲས་བཞི་ལ། གཅེན་པོ་རབ་ཏུ་བྱུང་ནས་ལྷ་སྤྱིལ་བུ་བ་བླ་གྲོས་འོད་ཀྱིས་སྤྱིལ་བུར་ཆོས་ཀྱི་རྒྱལ་སྲིད་བསྐྱངས། གསུམ་པ་ལྷ་བཙུན་ཚུལ་ཁྲིམས་བཟང་པོ་གདན་ས་ཕག་མོ་གྲུར་རབ་ཏུ་བྱུང་། གཅུང་པོ་འབལ་གཞོན་པ་ལ་འདས། སྐུ་མཆེད་བཞིའི་གཉིས་པ་མངའ་བདག་ཤཱཀྱ་མགོན་པོས་སྤྱིར་བསྟན་པའི་ཞབས་ཏོག་མང་བར་མཛད། སྡེ་སྣོད་རིན་པོ་ཆེ་རྣམས་པ་གསུམ་གྱིས་ཆོས་ཀྱི་འཁོར་ལོ་སྐོར་། ལོ་ཙྪ་བ་གྲགས་པ་རྒྱལ་མཚན་ལ་སོགས་པ་མཁས་གྲུབ་དུ་མའི་ཞབས་ཏོག་མཛད། ཡབ་མེས་ཀྱི་ཕོ་བྲང་ཡུམ་བུ་བླ་སྒང་ལ་གཙུག་ལག་ཁང་བཞེངས། ཆབ་སྲིད་ཆོས་བཞིན་བསྐྱངས་ཏེ། དགུང་ལོ་ལྔ་བཅུ་རྩ་གསུམ་ལ་ཞི་བར་གཤེགས་སོ།། གངས་ཅན་ལྗོངས་འདིར་ལེགས་བཤད་འབྱུང་བའི་གཞི།།བསྟན་པའི་རྩ་ལགས་ཆོས་རྒྱལ་མེས་དབོན་གྱིས།།མཛད་པ་མཆོག་གྱུར་བཟང་པོའི་ཆོས་ལུགས་རྣམས།།དེང་སེང་འདི་ན་མིང་གི་ལྷག་མ་ཙམ།།དུས་ངན་སྐྱེ་བོའི་ངན་སྤྱོད་ཆེས་ཆེར་འཕེལ།།གཞན་དང་བསྟུན་ན་ཁྱོད་ཀྱི་གདུང་རུས་སྨད།།ཚུལ་བཞིན་བསྒྲུབས་ན་ད་ལྟའི་མིང་དང་འགལ།།བདག་ནི་སྨོན་ལམ་བཏབ་ལ་མ་དག་འདྲ།།སྣང་བ་མཐའ་ཡས་རྒྱལ་བའི་ཞིང་ཁམས་དེར།།