R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 85
[A:85]བ་ཧའི་ཤན་རྒྱལ་སར་བཏོན་ཅིང་། ཅི་ཏའི་ལོ་བཞི་རྒྱལ་སར་བཞུགས་ནས་གནམ་དུ་སོང་བ་ལ་གུ་ལུག་རྒྱལ་པོར་མཚན་གསོལ། དེ་རྟིང་གཉིས་པ་ཨ་ཡུ་པར་པ་ཏ་རྒྱལ་སར་བཏོན། ཧོང་གིང་ལོ་གཉིས།སྤེན་ཡུའི་ལོ་བདུན་ཏེ། ལོ་དགུ་རྒྱལ་སར་བཞུགས་ནས་གནམ་དུ་སོང་བ་ལ་བུ་ཡན་དུ་རྒྱལ་པོར་མཚན་གསོལ། དེའི་སྲས་སི་དྷི་ཕ་ལ་གཡིང་ཛུང་རྒྱལ་སར་བཏོན། ཅི་ཅིང་ལོ་གསུམ་རྒྱལ་སར་བཞུགས་ནས་གནམ་དུ་སོང་བ་ལ་གེ་གན་རྒྱལ་པོར་མཚན་གསོལ། ཀ་མ་ལའི་སྲས་ཡེ་སུན་ཐི་མུར་རྒྱལ་སར་བཏོན། ཏའི་ཏིང་ལོ་བཞི། ཅི་ཧང་ལོ་གཅིག་རྒྱལ་སར་བཞུགས་ནས་གནམ་དུ་སོང་། དེའི་སྲས་ར་ཁྱི་ཕག་གིས་རྒྱལ་ས་ཞག་བཞི་བཅུ་མཛད། མམ་གྷ་ལའི་སྲས་ཨ་ནན་ཏ། དེའི་བུ་ཡུ་ཏུག་ཐེ་མུར་བསད། དེར་བུ་གཉིས་ཡོད་ཟེར།གུ་ལུག་རྒྱལ་པོའི་སྲས་ཀུ་ཤ་ལ་རྒྱལ་སར་བཏོན་ནས་ཟླ་བ་གཅིག་ན་གནམ་དུ་གཤེགས་པ་ལ་གུ་ཐུག་རྒྱལ་པོར་མཚན་གསོལ། སྲས་གཉིས་པ་ཐོག་ཐེ་མུར་རྒྱལ་སར་བཏོན། ཐིན་ལི་ལོ་གསུམ། ཅི་ཤུན་ལོ་གཉིས་ཏེ། ལོ་ལྔ་རྒྱལ་སར་བཞུགས་ནས་གནམ་དུ་སོང་། བ་ལ་འཇའ་ཡན་དུ་མཚན་གསོལ། ཀུ་ཤ་ལའི་སྲས་ཆུང་བ་རིན་ཆེན་དཔལ་རྒྱལ་སར་བཏོན། ཅི་ཤུན་ཟླ་བ་གཅིག་རྒྱལ་སར་བཞུགས་ནས་གནམ་དུ་སོང་། འདིའི་སྐབས་སུ་རྩིས་བྱས་པས། ཀུ་ཤ་ལའི་སྲས་ཆེ་བ་ཐོ་གོན་ཐོ་མུར་བྱ་ལོ་ཟླ་བ་དྲུག་པ་བར་དུ་ཐེན་ནས་དེ་རྟིང་རྒྱལ་སར་བཏོན་ན། སེ་ཆེན་དང་རྒྱལ་མཉམ་པ་གཅིག་ཡོད་ཟེར་བ་བྱུང་།