[A:86]དེ་ལ་མི་དཔོན་རྣམས་ན་རེ། དེ་ཙམ་རྒྱལ་ས་སྟོང་པར་འཇོག་པ་རྒྱལ་ཁམས་ཀྱི་ཁག་སུས་ཐེག་ཟེར་བ་ལ། ཨེ་ལ་ཐེ་མུར་ན་རེ། ཁྱེད་སི་ཐེན་ཐ་པ་རྣམས་ཀྱིས་ད་དུང་ལེགས་པར་རྩིས། དེ་ལྟར་བདེན་ན་གོང་མ་སྐུ་ཚེ་རིང་བ་ལས་ལྷག་པ་མེད། དེ་བར་དུ་རྒྱལ་ཁམས་ཀྱི་ཁག་ངས་ཁུར་ཟེར་ནས། ཟླབ་དྲུག་རྒྱལ་ས་སྟོངས། ཁྲིམས་ཀྱི་བྱ་བ་རྣམས་ཨེ་ལ་ཐེ་མུར་གྱིས་བྱས། དེ་རྟིང་ཆུ་མོ་བྱའི་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་ལ་ཕོ་བྲང་ཆེན་པོ་ཤང་དོར་རྒྱལ་སར་བཏོན་ནས་ཅི་ཤུན་ལོ་གཅིག དབེན་ཐུང་ལོ་གཉིས། ཅི་དབེན་ལོ་དྲུག ཅི་ཇི་ལོ་སུམ་ཅུ་རྩ་དགུ་སྟེ། སྤྱིར་རྒྱལ་སར་ལོ་བཞི་བཅུ་ཞེ་བརྒྱད་བཞུགས།རྒྱལ་སར་ཐོན་ནས་ལོ་སོ་བརྒྱད་ལོན་པ་ས་ཕོ་ཁྱི་ལོ་ལ་ཏི་ཤྲི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞི་བར་གཤེགས། སོག་པོའི་མི་དཔོན་ངོ་ལོག་ནས་ཕོ་བྲང་ཆེན་པོ་ཤང་དོ་མེས་བསྲེགས། དེ་བཞིན་གཤེགས་པའི་ཚེམས་མཆེ་བ་དང་ལྷུང་བཟེད་གར་སོང་ཆ་མེད་དོ་ཞེས་་གླེང་། ས་ཕོ་སྤྲེའུ་ལོ་ཟླ་བ་བརྒྱད་པའི་ཉི་ཤུ་དགུའི་སྲོས་ལ། གོང་མ་ཡབ་སྲས་ཕོ་བྲང་ཆེན་པོ་ཏའི་ཏུ་ནས་འབྲོས་དགོས་པ་བྱུང་སྟེ།རྒྱལ་ས་ཤོར་ནས་ཧོར་ཡུལ་ལ་གཤེགས་ཅེས་གྲག་གོ །སེ་ཆེན་རྒྱལ་པོའི་བཙུན་མོ་ཆུང་བའི་སྲས་ཨ་རོག་ཆེ་ཉི་མ་ནུབ་ཕྱོགས་ཤེས་སུ་བཅུག་ནས་དབུས་གཙང་དུའང་བྱོན། ངོ་ལོག་མང་པོ་མནན། དེའི་སྲས་ཐེ་མུར་སྦོ་ཁས་ཀྱང་གདན་ས་ཆེན་པོའི་ཞབས་ཏོག་དང་། ཁྲིམས་ཆེན་པོ་ལ་ཕན་པའི་བྱ་བ་བཟང་པོ་མང་པོ་མཛད། དེའི་བུ་ལབ་བེད་