R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 87
[A:87]ཡབ་ཀྱི་གོ་ས་ལ་བསྐོས་ནའང་དབུས་གཙང་དུ་མ་བྱོན། མ་ཆུང་བའི་བུ་ཆོས་དཔལ་ལ་ཙིང་དབང་གི་མིང་བྱིན་དབུས་གཙང་དུའང་བྱོན།དེའི་རྒྱུད་པདྨ་བྷ་རི་ཅིང་དབང་དང་། ངྷརྨ་ཤྟྲི་དབང་དང་པྲཛྙ་དབང་ལ་སོགས་པ་ག་ཆུ་ན་ཡོད་པ་སོགས།ཁྱོད་སྔོན་ལེགས་པར་སྤྱད་པའི་དགེ་ཚོགས་མཐུ་ཆེ་བས།།མངའ་རིས་བརྒྱར་ཡངས་དཔལ་འབྱོར་ལོངས་སྤྱོད་མཐའཡས་ནས།།འཛིན་མའི་ཁྱོན་ཡང་ཆུང་པ་སྙམ་བྱེད་འགྲན་བྱེད་དུ།།ཀྱེ་མ་མི་རྟག་ད་ནི་གནས་སྐབས་འདི་འདྲར་གྱུར།།འདི་འདྲ་ལྟ་ཞོག་སྟོང་གསུམ་འདི་ཡང་རྟག་མིན་ཞེས།།གནས་ལུགས་སྟོན་པའི་རྣམ་འགྱུར་ཡིན་པར་གོར་མ་ཆག །ཕྱི་མ་མེད་པའི་ཕྱི་ཐེས་ཅན་དུ་ཁས་མཆེ་བའི།།རྣམ་དཔྱོད་ཅན་རྣམས་དོན་འདི་ཉིད་ལ་དཔྱད་པར་རིགས།།བསྟན་པ་ཉམས་མོད་འོན་ཀྱང་འཕགས་པའི་ཐུགས་རྗེ་དང་།།བསྟན་འདིར་སྡོམ་བརྩོན་བདེན་ཚིག་འགྲུབ་པའི་སྨོན་ལམ་མཐུས།།བསྟན་པའི་རྩ་ལག་མི་དབང་རྒྱུད་པར་བཅས་པ་ཡིས།།བསྟན་པའི་བཀུར་སྟི་སླར་ཡང་རྒྱལ་སྲིད་སྐྱོང་གྱུར་ཅིག །