R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 88
[A:88]དྲུག་པ། བསྟན་པ་ཕྱི་དར་ཇི་ལྟར་དར་བ་དང་བཀའ་གདམས་པའི་བསྟན་པ་བོད་དུ་དར་ཚུལ་སྐོར། བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་འཕྲིན་ལས་ལ་བརྟེན་ནས། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ལས། མངའ་བདག་རལ་པ་ཅན་ཡར་བཅད་ནི་སྔ་དར་ཡིན་ལ།ཕྱི་དར་ལ་བསྟན་པའི་མེ་རོ་སྨད་ནས་བསླངས་ཏེ། མངའ་རིས་སྟོད་ནས་དར་ཞིང་རྒྱས་པར་མཛད་ཅེས་ཟེར་བའི་ཚུལ་ནི། དར་མས་བསྟན་པ་བསྣུབས་པའི་དུས་སུ། འཇད་ཀྱི་འགྱེལ་མི་གཙང་རབ་གསལ། བོ་དོང་པ་གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནེ་དང་གསུམ་གྱིས་འདུལ་བ་དྲེའུའི་ཁལ་གཅིག་བཀལ་ཏེ་མདོ་སྨད་ཨན་ཆུང་གནམ་རྫོང་། དན་ཏིག་ཏུ་བྲོས་ཏེ་སྒོམ་ཞིང་ཡོད་པ་ལ། ལས་དང་སྐལ་བར་ལྡན་པའི་བླ་ཆེན་པོས་མཇལ་བས། དེ་ནས་གཙང་གི་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་སོ།།དེ་སྐད་ཐོས་ནས་དབུས་གཙང་ནས་ཀླུ་མེས་ལ་སོགས་པ་མི་བཅུས་སྡོམ་པ་ལེན་པ་ལ་ཕྱིན་ནས་དབུས་གཙང་དུ་སླེབས། ཆོས་བཞི་རྣམས་སོ་སོར་བཟུང་། གཙུག་ལག་ཁང་མང་པོ་བཞེངས། བོད་ཕྲུག་བློ་རྣོ་བ་