R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 95
[A:95]དུ་འདེགས་པ་ལ་སླེབས་ཏེ། ཐོག་མར་ཇོ་བོ་དང་དགེ་བཤེས་སྟོན་པ་སྤུ་རངས་སུ་མཇལ། རྗེ་བཙུན་མ་སྒྲོལ་མས་ལུང་བསྟན་ནས།མཇལ་མ་ཐག་ཏུ་དབུ་ཐོག་ཏུ་བུམ་པ་བཞག་ནས་བྱིན་གྱིས་བརླབས།དེའི་དུས་སུ་དགེ་བཤེས་སྟོན་པས་ཇོ་བོ་དབུས་གཙང་དུ་གདན་འདྲེན་པའི་ཞུ་བ་ཕུལ་བས། གྲགས་པ་ངན་པ་སྤང་བའི་ཕྱིར། རྒྱ་གར་དུ་འགྲོ་གསུང་བ་ལ། དགེ་བཤེས་སྟོན་པས་ལྷ་ས་དང་བསམ་ཡས་སོགས་ཀྱི་རྒྱུ་མཚན་མང་དུ་བསྙད། ཇོ་བོ་ཡང་ཤིན་ཏུ་དགྱེས་ནས། དགེ་བཤེས་སྟོན་པར་དབུས་གཙང་དུ་འབྱོན་པར་ཞལ་གྱིས་བཞེས་ནས་བྱོན་པ་ཡིན་ཏེ། རྒྱུ་མཚན་འདིས་དགེ་བཤེས་སྟོན་པ་བོད་ལ་ལྷག་པར་བཀའ་དྲིན་ཆེ་བ་ཡིན་ནོ། །དེ་ནས་ཇོ་བོ་བོད་དུ་བྱོན་ནས་སློབ་མ་མང་དུ་མངའ་ཡང་། སྲས་ཀྱི་ཐུ་བོ་ཁུ་རྔོག་འབྲོམ་གསུམ། དེའི་ནང་ནས་བཀའ་གདམས་ཀྱི་མེས་པོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དེས་སྤུ་རངས་སུ་ཇོ་བོ་དང་མཇལ་ནས་ལུས་དང་གྲིབ་མའི་ཚུལ་དུ་འབྲལ་བ་མེད་པར་སྟེན་ཞིང་། མཉེས་པ་རྣམ་པ་གསུམ་གྱིས་མཉེས་པར་མཛད། དེ་ནས་ཇོ་བོ་ཆེན་པོ་རྗེ་དངོས་ཀྱིས། འདུལ་བའི་གདུལ་བྱ་རྣམས་སྨིན་ཚར་ནས། མགོན་པོ་མྱ་ངན་ལ་འདའ་ཁར།ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ནི་རྒྱ་གར་དུ་བཞུད་པའི་སྐབས་སུ། དགེ་བཤེས་སྟོན་པ་ལ་ཞལ་ཆེམས་གསུངས་པ་ནི། ད་ནི་གུང་ཐང་པ་ནི་ཡར་ལ་སོང་། །ཨ་མེས་དམ་པ་རྒྱ་གར་ཡུལ་དུ་ཆས། །ཞུ་རྔོག་ལ་སོགས་ཆེ་བ་རང་སར་སྐྱོང་། །ཁྱོད་ཀྱི་དྲུང་ན་ཁོ་བོ་དགོང་ཉིན་ཙམ།།