R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 96
[A:96]ཡིན་མིན་ཀུན་གྱི་མགོ་ལྡོག་འབྱེད་པའི་དུས། །སྙིང་པོ་ཐམས་ཅད་གཅིག་ཏུ་འགྲིལ་བའི་དུས། །ཐོས་བསམ་སྒོམ་གསུམ་གཅིག་ཏུ་སྤྲུག་པའི་དུས། །འབྲོམ་རྗེ་ཐུབ་པའི་བསྟན་པ་ལྔ་སྟོང་གནས། །འོན་ཀྱང་བོད་དུ་ཆོས་སྤྱོད་ཇི་ལྟར་དར། །བདག་གི་བསྟན་པ་དཀྲོང་སྐྱེད་བྱས་པ་ཡིན། །ད་ནི་ལེགས་པར་བཞི་བཞེངས་ཚར་བ་ཡིན།།ཆོས་འདི་ལེགས་པར་སྐྱོངས་ཤིག་རྒྱལ་བ་འབྲོམ། །མཐའ་རྒྱ་བྱང་ནས་སྐྱེད་གཅིག་སྙིང་སྟོབས་ཅན། །ཕོ་རུས་རྣམ་ཐར་ཟུང་གཅིག་ཁྲེལ་གཞུང་ཅན། །ཕ་གཅིག་བུ་གཅིག་ཡིན་ནོ་སྙིང་ལ་སོམས། །གུང་ཐང་བ་ནི་བླ་མ་གཉིས་པ་ཚོལ། །འབྲོམ་རྗེ་ཁྱོད་ནི་ཁོ་བོ་གཅིག་པུ་སེམས། །སྦྲུལ་གྱི་ལྤགས་པ་རྗེས་ཀྱང་སྦྲུལ་མི་རྗེ། །ཁོ་བོ་ཤི་ཚུལ་བསྟན་ཀྱང་ཨ་ཏི་ཤ། །བདག་གི་བསྟན་པ་འདི་ནི་ཁྱོད་ལ་གཏད། །ལོ་འཁོར་གཅིག་གི་བར་དུ་བྱང་ཕྱོགས་སུ། །ཆོས་ཀྱི་ཆར་པ་ཕབ་ལ་གཞན་དོན་མཛོད། །དེ་ནས་ཁྱོད་ཀྱི་ཡོན་ཏན་མ་ལུས་པ། །གང་ཟག་གཅིག་གིས་བླང་བར་མི་ནུས་ཀྱིས། །ལས་ཆེན་བརྒྱ་བཅུ་སྐོས་ལ་མཐའ་རྒྱ་སྐྱེད། །གཙོ་བོ་སྤྲུལ་པའི་སྐུ་མཆེད་གསུམ་པོ་ལ། །གཞུང་དང་གདམས་ངག་ཐུན་མོང་གསུམ་བྱིན་ལ། །ལྷག་ཆད་མེད་པར་རང་གི་གདན་ས་གཏོད། །གནས་ཀྱི་གདན་སར་ཨ་མེས་ཆེན་པོ་སྐོས། །དེ་ནས་ཞེན་ཅིང་ཆགས་པ་མི་བྱེད་པར། །དགའ་ལྡན་གནས་སུ་བདག་གི་དྲུང་དུ་ཤོག་ཅེས་དགེ་བཤེས་སྟོན་པ་བསྟན་པའི་བདག་པོར་བྱིན་གྱིས་བརླབས་ཤིང་། །གདན་ས་སྐུ་མཆེད་རིན་པོ་ཆེ་གསུམ་དང་