[A:༢༠]རྒྱན་གྱི་ཡུལ་ནས་གཤེད་དམར་གྱི་རྒྱུད་སྤྱན་དྲངས། སྤྲོས་མེད་ཀྱི་གཞུང་མཛད། དེ་ནས་ཐུགས་རྗེ་ཆེན་པོའི་བཀའ་བཞིན་བརྟུལ་ཞུགས་ཀྱི་འཕྲོ་བསྡུས་ནས། རྡོ་སྐུ་ལ་ཐིམ་ཡང་ཟེར་། གང་ལྟར་སྐུ་དེའི་ཕྱག་ནས་གསེར་འགྱུར་གྱི་རྩི་སོགས་ཀྱིས་འགྲོ་ཕན་རྒྱ་ཆེ་མཛད་དོ། མདོར་ན་འཇིགས་བྲལ་བརྟུགས་ཞུགས་ཀྱི་སྒོ་ནས་བསྟན་པ་ལ་བྱ་བ་འདི་ལྟ་བུ་མཛད་པ་སུ་ཡང་མ་བྱུང་ལ། དེས་ན་བརྟུལ་ཞུགས་ཀྱིས་བསྟན་པ་འཛིན་པ་རྣལ་འབྱོར་དབང་ཕྱུག་བིརཝ་པ། རྩོད་པས་བསྟན་པ་འཛིན་པ་དཔལ་ལྡན་ཆོས་གྲགས། དབང་ཕྱུག་གིས་བསྟན་པ་འཛིན་པ་ཆོས་རྒྱལ་མྱ་ངན་མེད་ཅེས་རླུང་ལྟར་གྲགས་སོ།། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ཅེས་ཕལ་ཆེ་བས་དཔལ་ལྡན་ཆོས་གྲགས་ལུང་བསྟན་དུ་བཞེད་ནའང་འབྲོག་མི་ལོ་ཙ་བ་རྗེས་འབྲངས་དང་བཅས་པས་རྣལ་འབྱོར་དབང་ཕྱུག་བིརཝ་པ་ཆེན་པོའི་ལུང་བསྟན་དུའང་བཞེད་པས་བཤད་སྦྱར་ཡོད། རྣལ་འབྱོར་དབང་ཕྱུག་གི་སློབ་མ་ཤར་