R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༢༨
[A:༢༨]བཀོད་པ་བཞིས་གཤེགས་ཏེ་སྐལ་ལྡན་གྱི་དོན་མཛད་བཞིན་ད་ལྟའང་བཞུགས་པར་གྲགས། དེའི་ཆོས་དང་རིགས་ཀྱི་ཐུགས་སྲས་གནས་ལྔ་མཁྱེན་པའི་པཎྜི་ཏ་ཆེན་པོ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ནི་རབ་བྱུང་གཉིས་པའི་ཆུ་ཁྱི་ལོར་འཁྲུངས། རྡོ་རྗེ་གདན་གྱི་སྒ་གང་ལ་མཁའ་འགྲོ་མ་རྣམས་ཀྱིས་ཡི་གེ་བཏབ་པ་ཀོའུ་ཤམ་བྷིའི་པཎྜི་ཏ་དེ་བ་མ་ཏིས་ཕྱོགས་ཐམས་ཅད་དུ་བསྒྲགས་པ་མ་ཟད། མི་ཐུབ་ཟླ་བའི་རྣམ་འཕྲུལ་དུ་འཕགས་ཡུལ་དུ་ཡང་ངེས་པ་རྙེད། རྗེ་ས་ཆེན་ལས་དབང་བཤད་མན་ངག་མ་ལུས་པ་གསན། གསང་ཕུ་ནེའུ་ཐོག་ཏུ་ཕྱཱ་པ་ཆོས་སེང་ལས་ཕར་ཕྱིན་དབུ་ཚད་འདུལ་མངོན་སོགས་གཞུང་ལུགས་མཐའ་དག་ལོ་བཅུ་གཅིག་གི་བར་སྦྱངས་པ་ཕུལ་ཕྱིན་མཛད་པས་དགུང་གྲངས་བཅོ་བརྒྱད་པར་གངྒཱ་ཚུན་ཆད་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོར་གྱུར། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པའི་བྱ་བ་ཆེན་པོ་མཛད། ཆོས་གང་དང་གང་ལ་ཡང་དོགས་གཅོད་དགོས་ཚེ་སྤྱན་རས་གཟིགས་སོགས་ལ་ཞུས་ཆོག་