R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 35
[A:35]ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། རལ་པ་དེ་ལ་ལོ་བཅུ་གཉིས་སུ་ཞབས་བཞག་ཏེ། གཡས་ཕྱོགས་ནས་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ཤིང་ཉན་ཐོས་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་རྣམས་ཁྱེའུ་འདིའི་སྐྲ་ལ་སྡོགས་པ་མ་འཇོག་ཅིག དེ་ཅིའི་ཕྱིར་ཞེ་ན། འདི་ནི་ལྷ་དང་བཅས་པའི་མཆོད་གནས་ཡིན་ཏེ། མ་འོངས་པའི་དུས་ཀྱི་བསྐལ་པ་བཟང་པོ་ཞེས་བྱ་བ་ལ་སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་བརྒྱ་པའི་དུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དང༌། དེ་དགའ་ཆེས་ཏེ་ནམ་མཁའ་ལ་ཤིང་ཏཱ་ལ་བདུན་སྲིད་དུ་མངོན་པར་འཕགས་ནས། ཏིང་ངེ་འཛིན་བྱེ་བ་ཕྲག་ཁྲིག་བརྒྱ་ཕྲག་སྟོང་ཡང་མངོན་དུ་བྱས་ནས་ས་བརྒྱད་པ་ཐོབ་སྟེ། ཇི་སྐད་དུ། སངས་རྒྱས་མར་མེ་མཛད་ལ་ཨུཏྤལ་ལྔས། །གཏོར་ཏེ་རལ་པ་གདན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། །ཞེས་པ་དང༌། འདུལ་བ་ལུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང༌། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང༌། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཞེས་སོ། །ས་བདུན་མན་ཆད་དུ་དངོས་སུ་ལུང་བསྟན་པ་མི་འབྱུང་སྟེ། མཚན་མ་དང་བཅས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མར་མེ་མཛད་ཀྱི་ཕ་རོལ་ན་ངས་དཀར་པོའི་ཆོས་ལ་མ་སྤྱད་པ་གང་ཡང་མེད་དེ་ལུང་མ་བསྟན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མཚན་མ་དང་བཅས་པས་སྤྱོད་པར་གྱུར་ཏོ། །ཞེས་སོ། །དེ་ནས་མར་མེ་མཛད་དེ་