R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 36
[A:36]བསྙེན་བཀུར་བ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་པ་གཅིག་ལ་བརྒྱ་ལུས་པ་ན། དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་ལ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། ། ཅེས་ཚིགས་སུ་བཅད་པ་གཅིག་པས་ཞག་བདུན་གྱི་བར་དུ་བསྟོད་ཅིང་བསྐོར་བ་བྱས་པའི་བརྩོན་འགྲུས་ཀྱིས་བསྐལ་པ་དགུའི་ཚོགས་འདུམས་པར་གྱུར་ཏོ། ། མདོ་གང་པོའི་རྟོགས་པ་བརྗོད་པ་ལས། བྲམ་ཟེ་དམ་པ་འདི་རིང་དུ། །དེ་བཞིན་གཤེགས་པ་ལེགས་བསྟོད་པའི། །སྟོབས་དང་བརྩོན་འགྲུས་རྫོགས་པ་འདི། ། བསྐལ་པ་དགུ་ཞིག་འདུམས་པར་གྱུར། །ཞེས་སོ། །དེ་ནས་འཇིག་རྟེན་གྱི་ཁམས་རྣམ་པར་བལྟས་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཞེས་བྱ་བ་བྱོན་ནས་བསྙེན་བཀུར་བ་ནས་བཟུང་སྟེ། བསྐལ་པ་དགུ་བཅུ་རྩ་གཅིག་འདས་པ་ན། བསྐལ་པ་བཟང་པོ་འདི་ཉིད་སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་པ་ལ། གྲོང་ཁྱེར་གཉེན་ལྡན་དུ་སངས་རྒྱས་འོད་ལྡན་བྱོན་པ་ན་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བར་གྱུར་པ་དེས། མཉེས་པར་བྱས་པའི་མཐར་ཐུག་པར་གྲངས་མེད་པ་གཅིག་ཏུ་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་ཚོགས་གཉིས་བསགས་པས། ས་བརྒྱད་པ་མི་གཡོ་བ་དང༌། དགུ་པ་ལེགས་པའི་བློ་གྲོས་དང༌། བཅུ་པ་ཆོས་ཀྱི་སྤྲིན་ཏེ་དག་པའི་ས་གསུམ་བརྙེས་པའོ། །འདུལ་བ་ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ནས། ། འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་ནས། །དབང་པོའི་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་