R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 59
[A:59]པོའི་རྒྱུན་དེ་ཉིད་མ་དོར་བ་སྐུ་གསུམ་ཡེ་ཤེས་བཞི་དང་ལྡན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་ཚེ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་གཡོས་པར་གྱུར་ཏེ། སྐྱེས་བུ་སེང་གེ་དེ་ཡིས་བདུད་དཔུང་བཅས་བཏུལ་ཏེ། །སྟོན་པ་བསམ་གཏན་བདེ་བ་མངོན་དུ་མཛད་ནས་ནི། །གང་ཚེ་སྟོབས་བཅུའི༷་རིག་པ་བརྙེས་གྱུར་ཚེ། །ཕྱོགས་བཅུའི་སངས་རྒྱས་ཞིང་མང་བྱེ་བ་གཡོས་པར་གྱུར། ། ཞེས་སོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཕྱག་བརྐྱངས་ཏེ། ཀ་ལ་པིང་ཀའི་དབྱངས་ཀྱིས། བདག་ཅག་ཇི་ལྟར་སངས་རྒྱས་པ། །དེ་ལྟ་ཁོ་ནར་ཁྱོད་སངས་རྒྱས། །དཔེར་ན་མར་དང་མར་ཉིད་ཀྱི། །ཉིང་ཁུ་མཚུངས་པ་བཞིན་དུ་གྱུར༑ ༑ཞེས་གསུངས་ལ། འོག་མིན་མན་ཆད་ཀྱི་ལྷ་རྣམས་ཀྱིས་ཀྱང་མཆོད་ཅིང་བསྐོར་བ་བྱས་ནས་བསྟོད་དོ། །སྟོན་པས་ཀྱང་དང་པོ་ཁོ་ནར་ཚངས་པའི་དབྱངས་ཀྱིས༑ བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་སེལ། །བསོད་ནམས་ལྡན་པའི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མངོན་སངས་རྒྱས༑ ༑མྱ་ངན་འདས་ཤིང་བསིལ་བའི་དངོས་པོ་ཐོབ། །ཅེས་སོ།། །། ༈ བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་གསུམ་སྟེ། དང་པོ་རྒྱུ་གསུམ་གྱིས་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པའི་ཚུལ་དང༌། བར་དུ་གདུལ་བྱ་རིགས་ཅན་གསུམ་བྱང་ཆུབ་གསུམ་ལ་བཀོད་པའི་དོན་གསུམ་གྱིས་ཆོས་ཀྱི་འཁོར་ལོ་གསུམ་གསུངས་པའི་ཚུལ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་དམ་པའི་ཆོས་ཁུངས་བཙུན་པའི༷་འབྱུང་དཀའ་བ་དང༌། སྟོན་པ་ལ་གུས་པ་དང་༑ སྐུལ་བ་པོའི་བསམ་པ་བསྐང་བའི་ཕྱིར་སངས་རྒྱས་ནས་ཞག་བཞི་བཅུ་རྩ་དགུར་ཆོས་མ་གསུངས་ཏེ། དེ་ལ་ཞག་བདུན་ཕྲག་དང་པོ་ལ་འདི་སྙམ་དུ། ངས་