R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 58
[A:58] འདི་ནི་བདག་གི་དཔང་སྟེ་རྫུན་མེད་པས། །ས་ཁྱོད་འདི་ལ་བདག་གི་དཔང་གྱིས་ཤིག ༑ཅེས་གསུངས་པས་ས་རབ་ཏུ་གཡོས་པ་དང༌། སའི་ལྷ་མོ་བརྟན་མ་གསེར་གྱི་མདོག་ཅན་ལུས་ཕྱེད་ཕྱུང་སྟེ། སྐྱེས་བུ་ཆེན་པོ་དེ་བཞིན་ཏེ། དོན་འདི་བདག་ལ་མངོན་སུམ་ཡིན་མོད་ཀྱི་འོན་ཀྱང་བཅོམ་ལྡན་འདས་ཉིད་དཔང་དང་ཚད་མར་གྱུར་པ་ལགས་སོ། །ཞེས་པ་དང༌། སྡིག་ཅན་དཔུང་བཅས་སྒྲ་དེ་ཐོས་པ་ནས།། ནགས་སུ་སེང་གེའི་སྒྲ་བསྒྲགས་ཝ་ཚོགས་དང༌། །བྱ་རོག་རྡོ་འཕངས་མོད་ལ་བྱེར་བ་བཞིན། །དངངས་སྐྲག་སྙིང་གས་ཙམ་དུ་ཐམས་ཅད་བྲོས། །ཞེས་པས་སྤོབས་པ་མེད་ནས་མི་སྣང་བར་གྱུར་ཏེ། དགའ་རབ་དབང་ཕྱུག་མྱ་ངན་གྱི་ཁང་བུར་ཞུགས་སོ། །དེ་ནས་སྐབས་དེར་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་སྡིག་ཅན་ལ། ཁྱོད་ནི་ཁྲུང་ཁྲུང་རྒན་མོ་ལྟར་སེམས་དམའ་བའོ། །བྱ་རོག་ལྟར་མུ་ཅོར་སྨྲ་བའོ།། སེང་གེ་ལ་ཝ་ལྟར་བྲོས་སོ། །སྔགས་ཀྱིས་སྦྲུལ་ལྟར་ཚར་ཆོད་པའོ། །ཞེས་པ་ལ་སོགས་པ་སྤྱོ་བ་བཅུ་དྲུག་གིས་སྨད་ཅིང༌། བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་དཔལ་ལྡན་དང་༑ སྒེག་མ་ལ་སོགས་པ་བརྒྱད་ཀྱིས་བྱང་ཆུབ་སེམས་དཔའ་ལ། ཁྱོད་ནི་ཟླ་བ་ཉ་ལྟར་མཛེས་པའོ། །ཉི་མ་ལྟར་ལྷང་ངེའོ། །པདྨ་ལྟར་རྒྱས་པའོ། །ཞེས་པ་ལ་སོགས་པ་བཅུ་དྲུག་གིས་བསྟོད་པ་ཡང་བྱས་སོ།། །། ༈ བཅུ་པ་སངས་རྒྱས་པ་ནི། དེ་ནས་དགུན་ཟླ་ཐ་ཆུང་གི་གནམ་སྟོང་གི་ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་མངོན་དུ་མཛད་ཅིང་གུང་ཐུན་ལ་མངོན་པར་ཤེས་པ་ལྔ་བསྐྱེད་ནས། ཐོ་རངས་ཟག་པ་ཟད་པ་མངོན་སུམ་དུ་མཛད་དེ། ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས། མཚམས་སྦྱོར་བའི་ཉོན་མོངས་པ་ས་བོན་དང་བཅས་པ་རྩ་བ་ནས་སྤངས་ཏེ། ཕུང་