[A:69]ཡིས་རང་གིས་མཁྱེན་ཏེ་གསུངས། །ཞེས་བརྗོད་པས་ཉེ་རྒྱལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་ནས་ཕྱག་བྱས་ཏེ་ཕྱིན་པ་དང༌། པང་ནས་སྐྱེས་ཀྱིས་མཐོང་སྟེ་ཁྱོད་ཀྱིས་བདུད་རྩི་བརྙེས་པ་སྟོན་ཅིག་ཅེས་པ་དང་སྔར་བཞིན་བརྗོད་པས་དེ་ཡང་གྲོལ་ཏེ། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིས། །སྔོན་ཆད་མ་མཐོང༷་༑ ༑འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་འདི་ནི་མྱུར་དུ་རྟོགས། །ཞེས་བརྗོད་ནས་འཁོར་ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་དང་བཅས་པ་སྔ་མ་བཞིན་དུ་གྱུར་ཏེ། མོའུ་འགལ་དང་ཤཱ་རིའི་བུ་ཞེས་གྲགས་སོ། །འོ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་ལས་མེད་དམ་སྙམ་ན་དེ་རྣམས་ཀྱིས་འཁོར་གྱི་གཙོ་བོ་སྨོས་པ་ཡིན་ཏེ། རྔ་བོ་ཆེའི་མདོ་ལས་དགེ་སློང་ལྔ་བརྒྱ་ཙམ་དང་ཐབས་གཅིག་ཅེས་པ་ནི་སྐྱེས་བུའི་གཙོ་བོ་རྣམས་བཟུང་བར་རིག་པར་བྱ་སྟེ། ཞེས་པ་དང༌། སྤྲིན་ཆེན་པོ་ལས། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་འབུམ་ཕྲག་དགུ་བཅུ་རྩ་བརྒྱད་ཅེས་སོ། །དེ་ནས་གནས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་ཐེག་པ་ཆེན་པོའི་འཁོར་བཞིས་གཙོ་བོ་མཛད་ནས། ཆོས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་མ་སྐྱེས་པ་མ་འགགས་པ་གདོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཞེས་པ་ལ་སོགས་པ་མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་དུས་ལོ་བཅུའི་བར་དུ་བསྐོར་བ་ལས༑ དགོས་པ་དངོས་པོར་འཛིན་པའི་ལྟ་བ་ལས་བཟློག་ཅིང་བགྲོད་པ་གཅིག་པའི་ལམ་ལ་བཀོད་དེ། རྒྱ་ཆེ་རོལ་པ་ལས། ཀུན་གཞི་མེད་ཅིང་སྤྲོས་པ་མེད། །སྐྱེ་འགག་མེད་ཅིང་བླང་དོར་མེད། །སྟོང་པ་ཉིད་དུ་ཚུལ་གཅིག་པའི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་རོ། །ཞེས་པ་དང༌། ཡུམ་རྒྱས་པ་ལས། ཀྱེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་ལན་གཉིས་སུ་བསྐོར་བར་མཐོང་ཞེས་སོ།། །།