[A:70]
༈ འཁོར་ལོ་གསུམ་པ་ནི། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། རྒྱལ་པོ་ཟས་གཙང་མ་ལ་དགེ་བར་(དགེས་པར་)མཛོད་ཅིག་དང༌། ཁྱོད་ཀྱི་སྲས་ཀྱིས་བདུད་རྩི་བརྙེས་ནས་འགྲོ་བ་ཚིམ་པར་བྱེད་དོ། །ཞེས་སྤྲིངས་པ་ཐོས་ནས་ཡབ་ཀྱིས་འཆར་ཀ་ལ། གང་ཚེ་ཐོག་མ་ཁྱོད་གཤེགས་ཚེ། །འཆི་མེད་བདུད་རྩི་བརྙེས་བྱས་ནས། །ཆོས་ཀྱིས་ཤིན་ཏུ་ཕན་གདགས་ཞེས། ཁྱོད་ཀྱིས་དམ་བཅའ་དགོངས་པར་མཛོད། །ཅེས་པའི་ཡི་གེ་བསྐུར་བ་དང༌། ཐུབ་པས་ཞལ་གྱྀས་བཞེས་ཏེ། ཤཱ་རིའི་བུས་འཆར་ཀ་རབ་ཏུ་ཕྱུང་ངོ༌། །དེ་ནས་འཆར་ཀས་སེར་སྐྱར་ཕྱིན་ཏེ་ལྷ་དགྱེས་པར་མཛོད། ད་སྟེ་ཞག་བདུན་ན་བཅོམ་ལྡན་འདས་བྱོན་གྱིས་གཙུག་ལག་ཁང་རྩིགས་ཤིག ཅེས་པ་དང༌། རྒྱལ་པོས་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་ཁང་ཕྲན་དྲུག་ཅུ་བརྩིགས་ཏེ་བཀོད་པ་རྒྱ་ཆེན་པོ་བཤམས་སོ། །དེ་ནས་མོའུ་འགལ་གྱི་བུས་དགེ་སློང་རྣམས་ལ་གོ་བར་བྱས་ཏེ། སངས་རྒྱས་འཁོར་དང་བཅས་པ་ནམ་མཁའ་ལ་གཤེགས་པ་དང༌། ཡབ་ཀྱིས། ཁྱོད་ནི་སྔོན་གྱི་ཕོ་བྲང་ན། །གླང་པོའི་ཤིང་རྟས་བཞུད་བཞུད་པས། །ཚེར་མར་བཅས་པའི་ས་གཞི་ལ༑ ༑ཞབས་ཀྱིས་གཤེགས་པ་ཇི་ལྟར་བདེ། །ཞེས་པ་ལ་སོགས་པ་དང༌། བཅོམ་ལྡན་འདས་ཀྱིས། ང་ནི་ཤིང་རྟ་རྫུ་འཕྲུལ་རྐང༌། །ཡང་དག་རྩོལ་བའི་བཞོན་པ་ཡིས༑ ༑ས་ཀུན་རྣམ་པར་རྒྱུ་ན་ཡང༌། །ཉོན་མོངས་ཚེར་མས་གནོད་པ་མེད། ། ཅེས་པ་ལ་སོགས་པ་གསུངས་པས། ཤཱཀྱ་བདུན་ཁྲི་བདུན་སྟོང་སྨིན་པར་བྱས་སོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་སྟོང་ཕྲག་དུ་མས་བསྐོར་ཏེ་ལྷ་ཡིས་སྤྲུལ་པའི་ཁང་པའི་ནང་དུ་གཤེགས་པ་དང༌། མོའུ་འགལ་གྱི་བུས་ཟས་གཙང་ཁྲིད་ནས་ཕྱིན་པས་རྒྱལ་པོ་ཆེན་པོ་བཞིས་སྒོ་བཞི་སྲུངས་ནས་འགྲོར་མ་སྟེར་བ་ལ་བཅོམ་ལྡན་