[A:68]འབྲས་བུས་ལྷུང་བཟེད་བཀང་སྟེ་བྱིན་པ་དང༌། དེ་ནཻ་རཉྫ་ནར་ཆུ་ལ་གྱེན་དུ་མི་གང་ཙམ་འཕགས་པར་བཞུགས་པར་བསྟན་ཀྱང་བདག་ཀྱང་དགྲ་བཅོམ་པའོ་སྙམ་པ་ལ། ཐུབ་པས་འདི་སྐད་ཅེས་ཁྱོད་ནི་དགྲ་བཅོམ་པ་མ་ཡིན། ཞུགས་པ་མ་ཡིན་ཞིང༌། དེ་ལམ་ཡང་མི་ཤེས་སོ་ཞེས་གསུངས་པ་དང༌། དེ་ནས་དད་དེ་འཁོར་ལྔ་བརྒྱ་དང་བཅས་པ་དྲུང་དུ་ཕྱིན་པས། འོད་སྲུངས་ཚུར་ཤོག་ལ་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་གསུངས་པ་ཙམ་གྱིས་དེ་ཐམས་ཅད་སྐྲ་དང་ཁ་སྤུ་བྱི་ནས་གོས་ངུར་སྨྲིག་གྱོན་པའི་དགེ་སློང་གི་དངོས་པོར་གྱུར་ཏོ། །དེའི་ཚེ་ལྟེང་རྒྱས་འོད་སྲུངས་ཀྱི་སྤུན་ཆུ་ཀླུང་འོད་སྲུངས་དང་ག་ཡ་འོད་སྲུངས་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་དང་བཅས་པ་ཡང་སྔ་མ་བཞིན་དུ་གྱུར་ཏེ་དེ་གཉིས་ཀྱི་གནས་སུ་ཡང་རིམ་གྱིས་བཞུགས་སོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་གཟུགས་ཅན་སྙིང་པོས་ཐུབ་པ་ག་ཡའི་མཆོད་རྟེན་ལ་དགེ་སློང་སྟོང་དང་ལྷན་ཅིག་བཞུགས་སོ་ཞེས་ཐོས་ཏེ༑ རྒྱལ་པོའི་ཁབ་བྱ་ཀ་ལན་ཏ་ཀ་གནས་པར་སྤྱན་དྲངས་ནས་བཞུགས་སོ། ། དེའི་ཚེ་དེ་ནས་ཡང་དག་རྒྱལ་བ་ཅན་དུས་བྱས་ཏེ། ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཚོགས་སྡུད་པ་ན། རྟ་ཐུལ་གྱིས་བསོད་སྙོམས་ལ་ཕྱིན་པ་དང༌། ཉེ་རྒྱལ་དང་ཕྲད་དེ་ཉེ་རྒྱལ་གྱིས་ཁྱོད་ཀྱི་སྟོན་པ་གང༌། སུ་ལ་རབ་ཏུ་བྱུང༌། ཆོས་གང་ལ་དགའ་ཞེས་པ་དང༌། ཁོ་བོ་སྟོན་པ་བཅོམ་ལྡན་འདས་དེ་ལ་རབ་ཏུ་བྱུང་ཞིང་དེའི་ཆོས་ལ་དགའོ། །འོ་ན་ཆོས་སྟོན་ཅིག་ཅེས་པ་དང་རྟ་ཐུལ་གྱིས། ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་གྱུར་ལྡན་འབྱུང་དང༌། །ལས་དང་ཉོན་མོངས་ལྡོག་རྒྱུ་དེ་ཡང་འདྲེན་པས་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ། །ཐར་པའི་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་