R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 73
[A:73] དྲང་སྲོང་གོའུ་ཏ་མའི་མདུན་དུ་རལ་གྲི་ཁྲག་ཅན་བོར་ཏེ་སྐྱེ་བོའི་ནང་དུ་ཞུགས་པ་དང་༑ སྐྱེ་བོའི་ཚོགས་ཆེན་པོས་དེ་མཐོང་ནས་ཀྭ་ཡེ་རབ་ཏུ་བྱུང་བ་འདིས་བཟང་མོ་ལ་སྤྱད་ནས་བསད་དོ།།ཞེས་དེ་རྒྱལ་པོ་ལ་ཕུལ་བས་གསལ་ཤིང་ལ་བསྐྱོན་ནོ།། དེའི་ཚེ་མཁན་པོ་དྲང་སྲོང་མདོག་ནག་གིས་དེ་མཐོང་ནས་བུ་ཁྱོད་ཀྱིས་ཅི་ཞིག་བྱས་ཞེས་པ་ལ། ཅི་ཡང་མ་བགྱིས་མོད་ཀྱི་ལས་ངན་གྱིས་སོ། །བུ། ཇི་ལྟར་ཤེས། མཁན་པོ་བདག་ལ་སྐྱོན་མེད་ན་མཁན་པོ་ཁྱོད་གསེར་གྱི་མདོག་ཏུ་གྱུར་ཅིག ཅེས་བརྗོད་པས་དེ་བཞིན་དུ་གྱུར་ཏེ། དྲང་སྲོང་གསེར་མདོག་ཅེས་གྲགས་སོ། །དེ་ནས་གོའུ་ཏ་མས་བདག་ཕྱི་མ་གར་སྐྱེ་ཞུས་པས། བུ་མེད་པར་འགྲོ་བ་མེད་ཀྱིས་སྔར་འདོད་པ་སྤྱད་པ་དྲན་པར་གྱིས་ཤིག་ཅེས་པ་དང༌། འཁྲིག་པའི་འདོད་ཆགས་དྲན་ཏེ༑ ཁུ་བ་ཐིགས་པ་ཁྲག་དང་བཅས་པ་གཉིས་ལྷུང་བས་སྒོ་ང་གཉིས་སུ་གྱུར་ནས་ཉི་མའི་འོད་ཟེར་གྱིས་སྨིན་པར་བྱས་པ་ལས། ཁྱེའུ་གཉིས་བྱུང་སྟེ་བུ་རམ་ཤིང་གི་ཚལ་དུ་གནས་སོ། །དེའི་ཚེ་དྲང་སྲོང་གསེར་མདོག་གིས་དེ་དག་མཐོང་ནས་དེ་གཉིས་གོའུ་ཏ་མའི་བུར་ཤེས་ཏེ་བསྐྱངས་ནས་གོའུ་ཏ་མ་ཉི་མའི་རིགས་བུ་རམ་ཤིང་པ་ཞེས་བཏགས་སོ། །དེ་ནས་ཕྱིས་རྒྱལ་པོ་བ་ར་དྷྭ་ཛ་བུ་མེད་པར་ཤི་ནས་བློན་པོ་རྣམས་ཀྱིས་དྲང་སྲོང་གསེར་མདོག་ལ་གོའུ་ཏ་མ་དྲིས་པས་དེ་ཁྱེད་ཀྱིས་བསད་དོ་ཞེས་བུ་གཉིས་བྱིན་པ་དང༌། ཁྱེའུ་ཆེ་བ་རྒྱལ་པོར་བསྐོས་པས་བུ་མེད་པར་ཤི་བ་དང༌། ཆུང་བ་རྒྱལ་པོར་བྱས་དེའི་བརྒྱུད་བརྒྱ་ཐམ་པ་གྲུ་འཛིན་དུ་བྱུང་བའི་མཐའ་མ་བུ་རམ་ཤིང་པ་འཕགས་སྐྱེས་པོ་ཞེས་བྱའོ། །དེ་ལ་བུ་བཞི་ཡོད་པ་ལས་བཙུན་མོ་ཤི་ནས་རྒྱལ་པོ་དབང་ཆེ་བ་གཞན་ཞིག་གི་བུ་མོ་བཙུན་མོར་བསླངས་པ་དང་དེས་ཀྱང་བྱིན་ཏེ། ངའི་བུ་མོ་ལ་ཁྱེའུ་བྱུང་ན་རྒྱལ་སྲིད་བྱིན་ཅིག་