R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 74
[A:74]ཅེས་བསྒོ་བ་དང༌། དེ་ལ་ཁྱེའུ་ཞིག་བཙས་ཏེ་མིང་རྒྱལ་སྲིད་དགའ་ཞེས་བཏགས་ནས༑ རྒྱལ་སྲིད་སྦྱིན་པའི་དུས་ལ་བབས་པ་ན་གཞོན་ནུ་སྔ་མ་རྣམས་སྲིང་མོ་དང་འཁོར་དང་བཅས་ཏེ་སྤྱུགས་སོ། །དེ་ནས་གཞོན་ནུ་རྣམས་གངས་རི་དང་ཉེ་བ་ཆུ་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་མི་རིང་བ་ཞིག་ཏུ་གནས་པ་ན། དྲང་སྲོང་སེར་སྐྱའི་གཞོན་ནུ་རྣམས་ལ་མས་དབྱེན་གྱིས་སྲིང་མོ་དང་ལྷན་ཅིག་འདོད་པ་སྤྱོད་ཅིག་དང་རུང་ངོ༌། །ཞེས་བསྒོ་བ་ཉན་པས་བུ་དང་བུ་མོ་མང་པོ་བྱུང་བ་དང༌། དྲང་སྲོང་གིས་བུམ་པའི་ཆུས་རི་མོ་བྲིས་ཏེ་ས་ཕྱོགས་འགའ་ཞིག་བྱིན་པ་ལས་བརྩིགས་པས་སེར་སྐྱའི་གཞི་ཞེས་གྲགས་སོ། །དེ་ནས་ཕྱིས་རྒྱལ་པོ་འཕགས་སྐྱེས་པོས་བུ་རྣམས་དྲན་ཏེ་དྲིས་པ་ལ། རྒྱས་པར་བརྗོད་པ་ལ་རྒྱལ་པོས་གཞོན་ནུ་རྣམས་སྲིང་མོ་དང་ལྷན་ཅིག་ཕོད་པ་ཡིན་ནོ། །ཞེས་བརྗོད་པས་ཤཱཀྱ་ཞེས་བཏགས་སོ། །དེ་ནས་འཕགས་སྐྱེས་པོ་ཤི་ནས་རྒྱལ་སྲིད་དགའ་རྒྱལ་པོ་བྱས་ཤིང༌། དེ་ཡང་བུ་མེད་པར་ཤི་ནས་ཤཱཀྱ་རྣམས་ཀྱིས་རྒྱལ་པོ་བྱས་ཏེ། དེའི་བརྒྱུད་ལྔ་ཁྲི་ལྔ་སྟོང་དང་བཅུ་གཉིས་སེར་སྐྱའི་གཞིར་བྱུང་བའི་ཐ་མ་ནི་སེང་གེ་འགྲམ་སྟེ། དེ་ཡན་ཆད་ལ་འབུམ་ཕྲག་བཅུ་དང་བདུན་ཁྲི་བཞི་སྟོང་བཞི་བརྒྱ་བཅུ་གཉིས་འདས་སོ། །སེང་གེ་འགྲམ་གྱི་སྲས་བཞིའི་ཟས་གཙང་ལ་བཅོམ་ལྡན་འདས་དང༌། དགའ་བོ་དང༌། ཟས་དཀར་ལ་རྒྱལ་དང༌། བཟང་ལྡན་དང༌། བྲེ་བོ་ཟས་ལ་མིང་ཆེན་དང༌། མ་འགགས་པ་དང༌། བདུད་རྩི་ཟས་ལ་ཀུན་དགའ་བོ་དང་ལྷས་སྦྱིན་ནོ། །དེ་ནས་གནས་གྲོང་ཁྱེར་སེར་སྐྱ་དང༌། གཉན་ཡོད་དང༌། ཡངས་པ་ཅན་དང༌། པདྨོ་ཅན་དང༌། ལང་ཀ་པུ་རི་ལ་སོགས་པར་འཁོར་གདུལ་བྱ་སྣ་ཚོགས་པ་དག་ལ་ཆོས་ནི་ལངྐར་གཤེགས་པ་ལས། ཀུན་རྫོབ་ཏུ་ནི་ཐམས་