[A:72]སའི་ཞག་དང་མྱུ་གུའི་ཚལ་ཡང་ནུབ་པ་དང༌། འབྲས་སཱ་ལུའི་འབྲས་བུ་ཤུན་པ་མེད་ཅིང་མངར་བ་ཟོས་པས་ཕོ་དང་མོའི་དབང་པོ་དོད་དེ་བྱ་བ་མ་ཡིན་པ་བྱས་པས་ཁང་པ་བརྩིགས་སོ། །དེ་ནས་ཁ་ཅིག་གིས་སཱ་ལུ་རྣམས་དུས་གཅིག་ཏུ་བླངས་པས་ཤུན་པ་གཡོགས་ཏེ་མ་གྲུས་པས་སླར་མ་སྐྱེས་པས་ས་གཞི་རིས་སུ་བཅད་པ་མེད་པ་མ་བྱིན་པར་བླངས་སོ། །དེའི་ཚེ་སྐྱེས་བུ་གཟུགས་བཟང་ཞིང་མཛེས་པ་ཞིག་ལ། ཁྱོད་ཀྱིས་ངན་པ་ལ་ཆད་པ་དང་བཟང་ལ་བྱ་དགའ་གྱྀས་ཤིག དེ་ཐོག་ཤས་ནས་དབུལ་ལོ། །ཞེས་ཀུན་གྱིས་བཀུར་བས་མང་པོས་བཀུར་བ་ཞེས་པ་སྟེ། ཉམས་པ་ལས་སྐྱོབ་པས་ན་རྒྱལ་རིགས་ཞེས་གྲགས་སོ། །དེ་ནས་བཟུང་སྟེ་རྒྱལ་པོ་ཀྲི་ཀྲི་ཡན་ཆད་ལ་གདུང་བརྒྱུད་འབུམ་ཕྲག་བཅུ་དང་ཁྲི་དགུ་སྟོང་ཉིས་བརྒྱ་འདས་པ་ན། རྒྱལ་པོ་རྣ་བ་ཅན་ལ་བུ་གོའུ་ཏ་མ་དང་བ་ར་དྭ་ཛ་གཉིས་ཡོད་པ་ལས༑ བ་ར་དྭ་ཛས་གྲུ་འཛིན་དུ་རྒྱལ་པོ་བྱས་ཏེ། གོའུ་ཏ་མ་དྲང་སྲོང་མདོག་ནག་ལ་རབ་ཏུ་བྱུང་ནས་གྲུ་འཛིན་གྱི་ཉེ་འཁོར་དུ་གནས་སོ། །དེའི་ཚེ་སྨད་འཚོང་མ་བཟང་མོ་ཞེས་བྱ་བ་སྐྱེས་པ་པདྨའི་རྩ་ལག་གིས་བཀུག་པ་དང༌། བཟང་མོས་ཆས་པས་ལམ་དུ་སྐྱེས་པ་ཞིག་གིས་བཟུང་བ་དང༌། བཟང་མོས་གཡོག་མོ་ལ་བསྒོ་བ། ཁྱོད་པདྨའི་རྩ་ལག་གི་དྲུང་དུ་སོང་ལ་རེ་ཞིག་སྐབས་མ་མཆིས་སོ་ཞེས་སྨྲོས་ཤིགདེས་ཀྱང་དེ་བཞིན་དུ་བྱས་པ་དང༌། བཟང་མོས་ནམ་སུམ་ཆ་ཙམ་ན་དེར་ཕྱིན་ཏེ་གཡོག་མོ་ལ་འཕྲིན་བསྐུར་བས་པདྨའི་རྩ་ལག་ཁྲོས་པ་དང༌། གཡོག་མོས་བཟང་མོ་ནི་སྐྱེས་པ་གཞན་དང་ལྷན་ཅིག་གོ །ཞེས་སྨྲས་པས་པདྨའི་རྩ་ལག་འདོད་པའི་ཆགས་པ་དང་བྲལ་ནས་རབ་ཏུ་ཁྲོས་ཏེ་རལ་གྲིས་བཟང་མོ་བསད་དོ། །དེ་ནས་གཡོག་མོས་ཇོ་མོ་བསད་དོ་ཞེས་བརྗོད་པས་པདྨའི་རྩ་ལག་ཤིན་ཏུ་སྐྲག་ནས།