R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 79
[A:79]ཀ་ནས་ཡེ་ཤེས་ཀྱི་མེ་ཕྱུང་སྟེ། ཞག་བདུན་ལོན་ནས་བརྒྱ་བྱིན་འོངས་པ་དང་མེ་རང་ཞི་སྟེ། མྱ་ངན་འདས་པའི་མདོ་ལས། དེ་བཞིན་གཤེགས་པའི་རིང་སྲེལ་སྤུར་སྒྲོམ་ནི། །གྱད་ཀུན་ལོག་སྟེ་བཏེག་ཀྱང་བསྐྱོད་མ་ནུས། །ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་འཕགས་ནས་ནི། །མཁའ་ལ་རྩྭ་མཆོག་གྲོང་ཁྱེར་བསྐོར་ཞིང་གཤེགས༑ ༑རྡོ་རྗེ་ལྟ་བུར་མི་འཇིགས་དབང་བསྒྱུར་ནུས། །ཐམས་ཅད་མེས་ནི་བཞེན་པར་མ་གྱུར་ཏེ། །ཐུགས་ཁ་ནས་ནི་བྱམས་པའི་མེ་བྱུང་ནས། །ཞག་བདུན་བར་དུ་བཞེན་པར་གྱུར་པར་བསྟན། །ཞེས་སོ། །དེ་ནས་སོ་སོས་རིང་བསྲེལ་ལ་བསྟོད་པར་ཆས་པ་ན། མ་འགག་པས་རས་ཀྱི་དུམ་བུ་དང་ཤིང་བལ་ཐམས་ཅད་བགོས་ནས་བྱིན་པ་དང་མ་ག་དྷཱའི་ཁལ་ཕྱེད་ཤོང་བའི་བསེ་སྒྲོམ་བརྒྱད་རིང་བསྲེལ་གྱིས་བཀང་ནས། མཆོད་པ་བྱས་ཏེ། བསྡུ་བའི་ཚིགས་སུ་བཅད་པ་གསུངས་པ། སེར་སྐྱའི་གྲོང་དུ་ཤཱཀྱའི་རིགས། །ཡངས་པ་ཅན་གྱི་ལི་ཙྪ་བྱི། ། མཉམ་ཀའི་གྲོང་དུ་མ་སྐྱེས་དགྲ། །འགྲོ་ནའི་གྲོང་དུ་འགྲོ་ནའི་རིགས། །བཏྶའི་གནས་ཀྱི་མ་ལ་དང༌། །ཀ་ལ་ཐ་ཡི་བུ་ལུ་ཀ །རཱ་མའི་གྲོང་དུ་ཀྲོ་དྷ་ཀ །བིཥྞུ་དྭཱི་པའི་བྲམ་ཟེའོ། །ཐུབ་ཆེན་
འདི་དབང་པོ།
མཆེ་བ་བཞི་གཅིག་ལྷ། །གནྡྷ་ར་ག་རབ་དགའི་གྲོང༌། །ཀ་ལིངྐ་ཡི་རྒྱལ་པོ་ཁབ། །རཱ་མའི་གྲོང་དུ་ཀླུ་རྒྱལ་པོ། །མཆེ་བ་གཅིག་སྲིན་པོ་མྱུར་པ་གཉིས་ཀྱིས་བརྐུས་ཏེ་ཁྱེར་རོ། །ཞེས་ཀྱང་འབྱུང་ངོ༌། །ལུང་ཕྲན་ཚེགས་ལས། ལྷའི་ཚིགས་བཅད། སེར་སྐྱར་སྐྱེས་ནས་མཉམ་ཀར་བྱང་ཆུབ་སྟེ༑ ༑ཀ་ཤིར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ལ་ལར་སྙིང་རྗེ་ལྡན་པ་ཤེས་རབ་མཆོག །རྩྭ་ཅན་གྲོང་དུ་གཤེགས་ནས་མྱ་ངན་འདས། །ཞེས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་གནས་ཆེན་པོ་བརྒྱད་ལ་བསྟོད་པའི་རྗེས་སུ་འབྲང་ནས་