R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 78
[A:78]ལ་བཀོད་དེ། རེ་ཞིག་འོས་སུ་གྱུར་པའི་གདུལ་བྱ་ཟད་པས་བཞུགས་པའི་དོན་མེད་པ་དང༌། སྐྱེས་པའི་མཐའ་བསྟན་པ་དང༌། འཁོར་བ་ལས་ཡིད་དབྱུང་བ་དང༌། སྐུ་གདུང་ལ་སོགས་ལ་མཆོད་པས་གདུལ་བའི་ཕྱིར། རྩྭ་མཆོག་གི་གྲོང་ཁྱེར་གྱད་སྟོབས་པོ་ཆེ་འབྱུང་པའི་གནས། ཤིང་སཱ་ལ་ཟུང་གི་ཚལ་ཆུ་བོ་བ་ཏི་ཧ་རིའི་འགྲམ་དུ་བསམ་གཏན་བཞི་ལ་སྙོམས་པར་ཞུགས་ནས། བུད་ཤིང་ཟད་པའི་མེ་བཞིན་དུ་འདའ་བའི་ཚུལ་བསྟན་གྱིས་དངོས་སུ་ནི་མ་ཡིན་ནོ། ། ཐེག་བསྡུས་ལས། ལ་ལར་རྫོགས་པའི་བྱང་ཆུབ་སྟོན། །ལ་ལར་མེ་བཞིན་མྱ་ངན་འདས། །ནམ་ཡང་ མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་ཤིང་(སྐུ)། །ཞེས་པ་དང༌། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ཞེས་སོ། །དེ་ལྟར་འདས་པའི་ཚེ་ས་གཡོ་བ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་བྱུང་ངོ༌། །དེ་ནས་རྩྭ་ཅན་གྱི་གྱད་ཀྱི་གཙོ་བོ་ལྔ་བརྒྱས་ཀུན་དགའ་བོ་ལ་སྤུར་སྦྱོང་བར་གསོལ་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་དུ་ཤིང་བལ་གྱི་འདབ་མས་དཀྲིས་ཤིང་རས་ཟུང་སྟོང་གིས་བཅིངས་ནས་འབྲུ་མར་གྱིས་བཀང་བའི་ལྕགས་སྒྲོམ་དུ་བཅུག་ཏེ༑ བཏེག་པ་ན་གྱད་སྟོབས་པོ་ཆེ་བཞི་དང༌། བརྒྱད་དང༌། བཅུ་དྲུག་གིས་ཀྱང་མ་ཐེག་གོ །དེའི་ཚེ་ལྷ་དང་མི་ཐམས་ཅད་ཀྱིས་གསོལ་བ་བཏབ་པས། གྲོང་ཁྱེར་ལ་ལན་བདུན་བསྐོར་ནས་བཞུགས་པ་དང༌། བྱ་རྒོད་ཕུང་པོའི་རི་ལ་འོད་སྲུངས་འཁོར་ལྔ་དང་ལྷན་ཅིག་ཡོད་པས་ཤེས་ཏེ། ཞག་བདུན་གྱིས་འོངས་པ་དང་སྒྲོམ་ཁ་རང་བྱེའོ། །དེ་ནས་མཆོད་པ་བྱས་ཏེ་རས་ཟུང་སྟོང་སྙེད་པས་དཀྲིས་ནས་ཇི་སྙེད་ཀྱིས་མེ་སྦར་ཡང་ཚིག་པར་མ་གྱུར་པས། ཐུགས་རྗེ་ཆེན་པོས་ཉིད་ཀྱི་ཐུགས་