R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 92
[A:92]མ་ཡིན་པའི་གསང་བ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །མཚན་ཉིད་ལ་ཡང་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་དང་གསུམ་སྟེ། ལང་ཀར་གཤེགས་པ་ལས༑ བྱིས་པ་རྣམས་ནི་ཡོངས་དྲངས་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། ། ཞེས་སོ།། །། ༈ གསུམ་པ་ལ་གཉིས་ཏེ་ཤེས་བྱ་གནས་ལུགས་དང༌། སྒྲུབ་པ་ཉམས་ལེན་གྱི་དབང་དུ་བྱས་པའོ། །དང་པོ་ཀུན་རྫོབ་སྟོན་པ་དྲང་དོན་དང༌། དོན་དམ་སྟོན་པ་ངེས་དོན་གྱི་མདོ་གཉིས་ཏེ། བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། མདོ་གང་ཀུན་རྫོབ་བསྒྲུབ་པར་བསྟན་པ་དེ་ནི་དྲང་བའི་དོན་གྱི་མདོ་ཞེས་བྱ་ལ། དོན་དམ་བསྒྲུབ་པར་བསྟན་པ་དེ་ནི་ངེས་པའི་དོན་གྱི་མདོ་ཞེས་བྱའོ།། །། ༈ གཉིས་པ་ནི་སྡེ་སྣོད་གསུམ་སྟེ། བསླབ་པ་གསུམ་མདོ་ཙམ་དུ་སྟོན་པ་མདོ་སྡེ་དང༌། ཤེས་རབ་གཙོ་བོར་སྟོན་པ་མངོན་པ་དང༌། ཚུལ་ཁྲིམས་གཙོ་བོར་སྟོན་པ་འདུལ་བ་སྟེ། སེམས་ནི་ཚུལ་ཁྲིམས་ཀྱི་འབྲས་བུ་དང་ཤེས་རབ་ཀྱི་རྒྱུ་ཡིན་པས་དེ་དག་གི་ཤུགས་ལས་གྲུབ་བོ་ཞེས་སམ། ཡང་ན་སེམས་གཙོ་བོར་སྟོན་པ་གསང་སྔགས་སོ། །སྔ་མ་དག་ལྷག་པའི་སེམས་ཀྱི་བསླབ་པ་སྟོན་པ་མདོ་སྡེ་དང༌། ཤེས་རབ་སྟོན་པ་མངོན་པ་དང༌། ཚུལ་ཁྲིམས་སྟོན་པ་འདུལ་བའི་སྡེ་སྣོད་ཅེས་འཆད་དོ།། །། ༈ བཞི་པ་བརྗོད་ཚུལ་གྱིས་དབྱེ་ན། གསུང་རབ་ཡན་ལག་བཅུ་གཉིས་ཏེ།
དོན་མང་པོ་ཚིག་ཉུང་ངུས་སྟོན་པ་
མདོ་སྡེ་དང༌།
ཚིགས་བཅད་དང་ཚིག་ལྷུག་པ་སྤེལ་བ་
དབྱངས་