[A:94] སྤྱན་རས་གཟིགས་ལ་ལན་འདེབས་པའི་སྤོབས་པ་བྱུང་ནས་གསུངས་པའི་ཤེས་རབ་སྙིང་པོ་ལྟ་བུ་ཐུགས་ཀྱིས་བྱིན་གྱིས་བརླབས་པའོ། །གསུམ་པ་ནི་མདོ་སྡེ་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས། དགེ་སློང་དག་ངའི་ཆོས་རྣམས་སྡུད་པར་བྱེད་པ་དེའི་ཚེ། ཐོག་མར་འདི་སྐད་བདག་གིས་ཐོས་པའི་ཞེས་པའི་ཚིག་གསུམ་གྱིས་གླེང་སློང་ལ་བར་དུ་མཚམས་སྦྱོར་གྱི་ཚིག་ཆུག མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅེས་བྱ་བ་ཆུག་ཅིག་ཅེས་གསུངས་པ་ལྟ་བུའོ། །
༈ གཉིས་པ་བསྟན་བཅོས་ལ་སྒྲ་བཤད་ནི། ཤསྟྲ་ཞེས་པ་ཤ་ཤ་ས་ལ༵༷་འཆོས་པ་དང༌། ཏྲ་ཏྲ་ཡ་ན་སྐྱོབ་པ་ཡིན་པས་སློབ་མའི་བློ་ཉོན་མོངས་པའི་དགྲ་ལས་འཆོས་ཤིང་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་སྟེ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་འཆོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ན་མེད། །ཅེས་སོ། །ཡང་ན་རྣམ་རྟོག་སེལ་བ་དང༌། ངར་འཛིན་འཆོས་པ་སྟེ། རྟོག་རྣམས་སེལ་བར་བྱེད་པ་དང༌། ། འཛིན་པ་འཆོས་ཕྱིར་བསྟན་བཅོས་སོ། །ཞེས་སོ། །དེ་བཀའ་ལའང་ཡོད་མོད་ཀྱི་སྒྲ་བཤད་ལ་ཁྱབ་ཆེས་སྐྱོན་མ་ཡིན་ནོ། །དེའི་མཚན་གཞི་ནི་སངས་རྒྱས་བཞུགས་པ་དང༌། འདས་པ་ན་ཡང་རུང་གང་ཟག་དམ་པས་བཀའི་དགོངས་པ་འགྲེལ་བ་སྟེ༑ སྤྱོད་འཇུག་ལྟ་བུའོ། ཁ་ཅིག་སངས་རྒྱས་འདས་ནས་བྱས་པ་རྣམས་བསྟན་བཅོས་སོ། །ཞེས་པ་ནི་རྗེས་སུ་གནང་བའི་བཀའ་ལ་ཁྱབ་ཆེས་ཤིང་ཐུབ་པ་བཞུགས་དུས་སུ་མཛད་པའི་ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས་ཞེས་པ་ལ་སོགས་པ་མངོན་པ་སྡེ་བདུན་ལ་མ་ཁྱབ་བོ།། །།