R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 100
[A:100]བཏུལ་བ་ལ་སོགས་པ་ཇི་ལྟར་བཤད་ཀྱང་འཐད་པ་གསུམ་མོ། །གསུམ་པ་ནི། ཤེས་ཀྱིས་ཁེ་དང་སྙན་དང་རྙེད་མི་འཚོལ། །ཞེས་པས་རྙེད་པ་དང་བཀུར་སྟི་ལ་སོགས་པའི་ཟང་ཟིང་ལ་མི་ལྟ་བ་དང༌། སྤྱོད་འཇུག་ལས། ཉ་པ་གདོལ་པ་ཞིང་པ་ལ་སོགས་པ། །རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང༌། །ཚ་དང་གྲང་ལ་སོགས་པའི་གནོད་བཟོད་ན། །འགྲོ་བ་བདེ་ཕྱིར་བདག་ལྟས་ཅིས་མི་བཟོད། །ཅེས་པས་ཕྲལ་གྱི་ཚ་གྲང་ལ་སོགས་པ་ལ་དུབ་པ་དང༌། འཁོར་གྱི་ལོག་བསྒྲུབ་དང་གཞན་གྱི་རྩོད་པ་ན་ཡིད་སྐྱོ་བ་མེད་པ་དང༌། ཉེས་ལྟུང་ལ་སོགས་པས་མ་གོས་ཏེ་ཀུན་ཏུ་སྤྱོད་པ་གཙང་ཞིང་བཟང་བས་ཀུན་གྱིས་བཀུར་བར་འོས་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་སྨྲ་བས་གཙང་སྦྲ་དང་ཀུན་ཏུ་སྤྱོད་པ་གཟོ་བས་ལེགས་པར་སོག༷ས་པས་མ་གོ་བ་གོ་བར་བྱའོ། །ཞེས་སོ། །དེ་ལྟ་བུས་བཤད་ན་འཁོར་གྱི་སྐྱེ་བོ་ལ་མཛེས་ཤིང་མཛེས་པ་ཡིན་ཏེ། རྒྱན་ལས། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡིས
།།
བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །ཞེས་སོ། །གཉིས་པ་སྣོད་དུ་རུང་བར་བྱ་བ་ནི་ཟླ་བ་སྒྲོན་མ་ལས༑ སྣོད་ཉམས་གྱུར་ལ་ནམ་ཡང་ནི། །དམ་ཆོས་བསྟན་པར་མི་བྱའོ།། ཞེས་པ་དང༌། སྤྱོད་འཇུག་ལས། མ་གུས་པ་ལ་ཆོས་མི་བཤད། །ཅེས་པས་སྣོད་དུ་མ་རུང་ན་བཤད་པ་དོན་མེད་པར་འགྱུར་བས། དེ་ལ་ཉན་པ་པོའི་སྐྱོན་ནི་རྣམ་བཤད་རིག་པ་ལས། དོན་དུ་གཉེར་བ་མེད་པ་དང༌། །ངག་འཁྱལ་དང་ནི་མ་དད་དང་༑ ༑ཕྱི་རོལ་རྣམ་གཡེང་ནང་བསྡུད་དང༌། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་པས་ལྔ་
༼དྲུག༽
གསུང༌། བསྡུས་ན་གསུམ་ཏེ། སྣོད་ཁ་བུབ་ལྟ་བུ་མ་རྟོགས་པའི་སྒོ་