R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 101
[A:101] ནས་ཆོས་ཐོས་པ་དོན་དུ་མི་གཉེར་བ་དང༌། སྣོད་མི་གཙང་བ་ལྟ་བུ་ལོག་པར་རྟོག་པའི་སྒོ་ནས་ཆོས་ཐོས་པ་དོན་མ་ཡིན་པ་དང༌། སྣོད་ཞབས་རྡོལ་ལྟ་བའི་སྒོ་ནས་ཆོས་ཐོས་པ་དོན་མེད་པར་འགྱུར་བའོ།། །། ༈ དང་པོ་ལ་གསུམ་སྟེ། ཐོག་མར་ཆོས་ཐོས་པ་ཉིད་དུ་མི་འདོད་པ་དང༌། འདོད་ཀྱང་རབ་ཏུ་མི་འཇུག་པ་དང༌། འཇུག་ཀྱང་ཐ་མར་མི་བརྩོན་པའོ། །དང་པོ་ནི༑ གལ་ཏེ་ཆོས་འདི་ཁུངས་མི་བཙུན་པའམ། བརྗོད་བྱ་མི་བདེན་པའམ་དགོས་པ་མེད་པས་སོ་སྙམ་ན། མ་ཡིན་ཏེ། དམ་པའི་ཆོས་ནི་དང་པོ་སེམས་བསྐྱེད། བར་དུ་ཚོགས་བསགས་ནས་ཐ་མ་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་རང་གཞན་གྱི་དོན་མཐར་ཐུག་པའི་སངས་རྒྱས་ཀྱི་གསུངས་ཏེ། བྱང་ཆུབ་སེམས་དཔའ་དང་དགྲ་བཅོམ་པ་རྣམས་ཀྱི་ཟླ་ལ་གཟུང་ནས་གཞན་དོན་དུ་མཛད་པས་བསྡུས་ཤིང༌། དེའི་དགོངས་པ་མགོན་པོ་བྱམས་པ་ལ་སོགས་པས་བཀྲོལ་ཏེ། དེ་དག་སྐད་གཉིས་སྨྲ་བ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་བསྒྱུར་ནས། བླ་མ་དམ་པ་རྣམས་ཀྱིས་གཅིག་ནས་གཅིག་ཏུ་བརྒྱུད་དེ་གསུངས་པ་ཁུངས་བཙུན་ལ་བརྗོད་བྱ་བདེན་པ་གཉིས་སམ་ཐབས་ཤེས་རབ་ཟུང་འབྲེལ་སྟོན་ཅིང༌། དགོས་པ་གནས་སྐབས་ལྷ་མི་དང་མཐར་ཐུག་བྱང་ཆུབ་གསུམ་ཐོབ་པ་ཡིན་ནོ། །ཤེས་ལྡན་དག་ཆོས་ནི་དེ་ལྟར་རང་བཞིན་བཟང་པོ་ཡིན་ན་ཅིས་མི་འདོད་ཅེས་བྱའོ། ༈ །གཉིས་པ་འདོད་ཀྱང་མི་འཇུག་པ་ལ་རྒྱུ་མཚན་གསུམ་ལས། དང་པོ་ཆོས་བསྒྲུབ་པའི་རྒྱུ་ཉིད་མེད་པས་སོ་སྙམ་ན་མ་ཡིན་ཏེ། རྒྱུད་བླ་མ་ལས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། ། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པས་སྤྱིར་སེམས་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པས། རྟེན་ཤིན་ཏུ་དམན་པས་ཀྱང་བརྩོན་འགྲུས་བསྐྱེད་ན།