R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 102
[A:102] ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ནུས་པའི་ཕྱིར་རོ།། །། ༈ གཉིས་པ་ནི་རྐྱེན་མ་འཚོགས་ཏེ་ཆོས་དཀའ་བ་དང་བློ་ཞན་པས་སོ་སྙམ་ན་མ་ཡིན་ཏེ། ཤེས་བྱ་དང་བསྟེན་པར་བྱ་བ་ཐམས་ཅད་གོམས་ནས་སླ་བ་ཡིན་ཏེ། སྤྱོད་འཇུག་ལས། གོམས་ནས་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་སོ། །བློ་དང་ཡོན་ཏན་ཐམས་ཅད་སྦྱངས་པ་ལས་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་ཏེ། རྣམ་ངེས་ལས། གོམས་ལས་ཁྱད་པར་འགྱུར་པའི་ཕྱིར། །ཞེས་སོ། །
སྔན་
གྱི་སྐྱེས་བུ་ཁྱད་པར་ཅན་རྣམས་ཀྱང་བདག་ཅག་ལྟ་བུ་ལས་མཁས་པར་གྱུར་པ་ཡིན་ཏེ། ལེགས་བཤད་རིན་པོ་ཆེའི་གཏེར་ལས། རང་ལ་དགོས་པའི་བསྟན་བཅོས་རྣམས། །ཉི་མ་རེ་ལ་ཚིག་རེ་བཟུང༌། །གྲོག་མཁར་དང་ནི་སྦྲང་རྩི་ལྟར། །མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། །ཞེས་སོ། །གསུམ་པ་ནི་ལང་ཚོ་ཡོལ་ཏེ་སྒྲུབ་པའི་ནུས་པ་མེད་པས་སོ་སྙམ་ན་མ་ཡིན་ཏེ། ཁྱིམ་བདག་དཔལ་སྐྱེས་ཀྱི་རྣམ་པར་ཐར་པ་ལས་ཞན་པ་རྣམས་ཀྱིས་ཡུན་རིང་པོའི་དོན་ཡང་བརྩོན་འགྲུས་དང་ལྡན་པ་ཙམ་གྱིས་འགྲུབ་པའི་ཕྱིར་དང༌། བཞི་བརྒྱ་པ་ལས། དེ་ཉིད་གོམས་པས་སྐྱེ་བ་འདིར། །གལ་ཏེ་གྲུབ་པར་མ་གྱུར་ཀྱང༌། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་འགྲུབ་འགྱུར་ལས་བཞིན་ནོ། །ཞེས་སོ། །རིན་པོ་ཆེའི་གཏེར་ལས། རིག་པ་ནངས་པར་འཆི་ཡང་སློབས། །ཚེ་འདིར་མཁས་པར་མ་གྱུར་ཀྱང༌། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་འདྲ། །ཞེས་པས་འདིར་མ་གྲུབ་ཀྱང༌། ཚེ་རབས་གཞན་དུ་བདེ་བླག་ཏུ་འགྲུབ་པའི་ཕྱིར་རོ། ། དེ་ལྟ་བས་ན་ཅིའི་ཕྱིར་མི་འཇུག་ཅེས་བྱའོ། ༈ །གསུམ་པ་འཇུག་ཀྱང་མི་བརྩོན་པ་ནི༑ གལ་ཏེ་ཆོས་ནི་དེ་ལྟར་བཟང་ཞིང་བསྒྲུབ་པར་ནུས་ཀྱང༌། མེ་ཆུ་ལྟར་རྙེད་