[A:103]པར་སླ་བས་བརྩོན་འགྲུས་བྱ་མི་དགོས་སོ་སྙམ་ན། མ་ཡིན་ཏེ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚེགས་ཀྱིས་རྙེད་པར་འགྱུར། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་པ་དང༌། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཞེས་པས། དལ་འབྱོར་རྙེད་པར་དཀའ་བ་ཡིན་ཏེ། ཡུལ་མཐའ་འཁོབ་དང༌། དུས་ཆོས་ནུབ་པ་དང༌། གང་ཟག་དམྱལ་བ་ལ་སོགས་པ་ཐམས་ཅད་ལ་ཆོས་མེད་པའི་ཕྱིར་རོ།། གལ་ཏེ་གོ་ལོ་བྱས་ནས་ཆོག་གོ་སྙམ་ན། མ་ཡིན་ཏེ། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །ཞེས་པས་ཐོབ་པའི་དལ་བ་ཡུན་རིང་དུ་མི་གནས་པ་ཡིན་ཏེ། ཚེ་ཐུང་བ་དང་དུས་མི་སྡོད་པ་དང༌། རྩོད་པ་ལ་སོགས་པའི་བར་ཆད་མང་བའི་ཕྱིར་རོ། །དེ་ལྟར་ནའང་ཚེ་གཞན་དུ་བསྒྲུབ་པས་ཆོག་གོ་སྙམ་ན། མ་ཡིན་ཏེ་སྤྱོད་འཇུག་ལས། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང༌།། བདག་གིས་དགེ་བ་མ་སྤྱད་ན། །ངན་འགྲོ་རྨོངས་ཤིང་སྡུག་བསྔལ་བ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་པས་ཚེ་གཞན་དུ་སྒྲུབ་པའི་སྐབས་མེད་པ་ཡིན་ཏེ། ངན་སོང་གསུམ་དུ་སྐྱེས་ན་དད་པའི་ཉིད་དང་རྟོགས་པ་དང་བསྒྲུབ་པའི་རྟེན་དུ་མི་རུང་བའི་ཕྱིར་རོ། །དེ་ལྟ་བས་ན་ཤེས་ལྡན་དག་གིས་འདི་འདྲའི་དལ་བ་ཐོབ་པ་ཆུད་མི་གཟོན་པར་པང་དུ་སྦྲུལ་ཞུགས་པའམ་མགོ་ལ་མེ་ཤོར་བ་ལྟ་བུའི་བརྩོན་འགྲུས་ཀྱིས་མཉན་པར་གྱིས་ཤིག་འགྱོད་པ་ཅན་དུ་འགྱུར་ཏ་རེ། ཞེས་བརྗོད་པར་བྱའོ༑༑ ༑༑
༈ གཉི་པ་ཐོས་པ་དོན་མ་ཡིན་པར་འགྱུར་བ་ལ། བསམ་སྦྱོར་འབྲས་བུ་