R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 107
[A:107]དད་པས་མི་ཟློས་ཤིང་འགལ་བ་དང་མ་འབྲེལ་བ་མེད་དོ། །ཞེས་རང་གི་བསམས་པ་གསལ་པོར་སྟོན་པའི་ལན་གཏབ་པ་དང༌། ལུང་རིགས་ཀྱི་ཤེས་བྱེད་དགོད་པའོ༑ ༑ཡང་ན་འཆད་པའི་མན་ངག་རྣམ་བཤད་རིག་པ་ལས། དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་དང༌། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་པས་དོན་ལྔར་ཡང་བལྟའོ། །བཞི་པ་བཤད་པ་ལ་འཇུག་པའི་ཚུལ་ལ་བཞི་སྟེ། གདུལ་བྱའི་དབང་གིས་བསྡུས་འབྲིང་རྒྱས་པར་བཤད་པ་དང༌། དགོས་པའི་དབང་གིས་མཚན་ཉིད་གཏན་ལ་དབབ་བྱའམ་བསྒྲུབ་པ་ཉམས་ལེན་དུ་བཤད་པ་དང༌། འབྲེལ་བའི་དབང་གིས་དགག་བསྒྲུབ་ཉེས་སྤོང་དུ་བཤད་པ་དང༌། འཇུག་པའི་དབང་གིས་སྦྱོར་དངོས་རྗེས་གསུམ་དུ་བཤད་པའོ།། །། ༈ དང་པོ་ནི་སྟོན་པས་རྒྱས་འབྲིང་བསྡུས་གསུམ་གསུངས་པ་ལྟ་བུ་སྟེ། རྒྱན་ལས། བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད། །ལན་མང་བྱེད་དང་ལྡན་པ་ནི།། མགོ་སྨོས་རྣམ་སྤྲོས་གོ་རྣམས་ལ། །ཞེས་སོ། །གཉིས་པ་ནི་བསྟན་བཅོས་ཁ་ཅིག་ལས་གཉིས་ཀ་འབྱུང་ལ་ཁ་ཅིག་ལས་གང་རུང་རེ་འབྱུང་ངོ༌།། །། ༈ གསུམ་པ་ནི་གཟུ་བོའི་བློས་དཔྱད་ནས་གཞན་གྱིས་ཉེས་བཤད་དགག་པ་དང༌། རང་གི་བཤད་པ་དགོད་པ་དང༌། དེ་ལ་གཞན་གྱིས་རྩོད་པ་སྤང་བའོ། ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན༑ ༑ཞེས་པ་དང༌། རྒྱུད་བླ་མ་ལས། གང་ཞིག་རྒྱལ་ལས་ཆེས་མཁས་འགའ་ཞིག་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཀུན་མཁྱེན་གྱིས་