[A:333]མཆོག་ཞལ་སྔ་ནས་ཀྱིས་བླ་མ་སོ་སོ་ལ་གསན་ཚུལ་སླར་བྲི། རེ་ཞིག་ལ་ཁྱབ་བདག་ཀུན་དགའ་གྲོལ་མཆོག །སྤོས་ཁང་མཁན་ཆེན་ཤེས་རབ་རིན་ཆེན་ནམ་བསམ་གཏན་རིན་ཆེན། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་ཨ་མེས་ཀུན་དགའ་བསོད་ནམས། དེ་ཉིད་ཀྱི་རིགས་ཆོས་གཉིས་ཀའི་སྲས་མཆོག་འཇམ་པའི་རྡོ་རྗེ། མཚན་གཞན་བསོད་ནམས་དབང་ཕྱུག་ཞབས། མཁན་ཆེན་བྱམས་པ་དགེ་བའི་དབང་པོས་དགྱེས་བཞིན་དུ་ཕྲིན་ལས་པར་གནང་བའོ། །
༼ཏ༽
༈ བཀའ་འགྱུར་ལུང་གི་སྐོར་ནི།
ཆུ་འབྲུག་ལོ་ས་གའི་ཚེས་བཅོ་ལྔ་རང་ལོ་ཉེར་བརྒྱད་ལོན་ཚེ།
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ཐུགས་རྗེའི་བདག་ཉིད་ཅན་གྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་སྟེ། དེའི་ཉན་ཐོས་དག་གི་ས་ཐོག་མར་དགེ་བ་ནི་འདི་ལྟ་སྟེ། ལུས་ཀྱི་ལེགས་པར་སྤྱོད་པ་དང༌། ངག་གི་ལེགས་པར་སྤྱོད་པ་དང༌། ཡིད་ཀྱི་ལེགས་པར་སྤྱོད་པའོ། ། བར་དུ་དགེ་བ་ནི་ལྷག་པའི་ཚུལ་ཁྲིམས་དང༌། སེམས་དང་ཤེས་རབ་ལ་བསླབ་པའོ། །ཐ་མར་དགེ་བ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའོ། །གཞན་ཡང་དང་པོར་དགེ་བ་ནི། དད་པ་དང༌། བརྩོན་འགྲུས་དང༌། བག་ཡོད་པའོ། །བར་དུ་དགེ་བ་ནི། དྲན་པ་དང༌། ཏིང་ངེ་འཛིན་དང༌། སེམས་རྩེ་གཅིག་