R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 127
[A:127] བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པའི་ལུང་གི་དུས་གསུམ་ལས་མངོན་པ་སྤྱོད་པའི་དུས་འདས་ཏེ། མདོ་སྡེ་སྤྱོད་པའི་དུས་ལས་ལོ་གཉིས་རྫོགས་ནས་ལྷག་མ་ལ་ལོ་བཞི་བརྒྱ་དང་གོ་བརྒྱད། འདུལ་བའི་དུས་ལྔ་བརྒྱ་ཕྲག་གཅིག་སྟེ། བསྟན་པ་མཚན་ཉིད་པ་ལོ་དགུ་བརྒྱ་དང་གོ་བརྒྱད། རྟགས་ཙམ་འཛིན་པ་ལྔ་བརྒྱ་སྟེ། སྟོང་བཞི་བརྒྱ་གོ་བརྒྱད་སླད་ནས་འབྱུང་བར་གསུངས་སོ། །
ཤེས་བྱ་རབ་གསལ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་དུས་རྒྱ་གར་དུ་ཆོས་རྒྱལ་མྱ་ངན་མེད་བྱོན། བཀའ་བསྡུ་བར་མའི་སྦྱིན་བདག་མཛད་པ་ཡིན་གསུངས།
འདི་ནི་ཟུར་ཙམ་བསྡུས་པ་ཡིན་གྱིས། རྒྱས་པར་འདོད་ན། མདོ་སྡེ་དང༌། འདུལ་བ་ལུང་ན་གསལ་ལོ། །དེ་ཙམ་གཟིགས་པར་མི་ནུས་པ་རྣམས་ཀྱིས་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་དང༌། བླ་མ་ཆོས་ཀྱི་རྒྱལ་པོས་མཛད་པའི་ཤེས་བྱ་རབ་གསལ། ཆོས་རྗེ་བུ་སྟོན་གྱི་བཞེད་པ་དང་མཐུན་པས་ཞིབ་པར་གཟིགས་ཤིག དང་པོ་བསྐལ་པ་ཇི་ལྟར་ཆགས་པ་ནས། རྒྱ་གར་གྱི་ཆོས་རྒྱལ་རིམ་པར་བྱོན་པ་དང༌། སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་དམ་པའི་ཆོས་དར་བའི་ལེའུ་སྟེ་དང་པོའོ། ། གཉིས་པ། སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གསུམ་བཞེངས་པ་དང་རབ་ཏུ་གནས་པར་མཛད་པའི་སྐོར། དེ་ནས་སྔོན་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་འཁོར་རྣམ་པ་བཞིས་བསྐོར་ཏེ་བཞུགས་པའི་དུས་སུ། འཕགས་པ་འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་ད་ལྟའི་དུས་སུ་འགྲོ་བ་སེམས་ཅན་རྣམས་ཞལ་ཡང་ཁྱེད་ལ་ལྟ། མཆོད་པ་ཡང་ཁྱོད་ལ་འབུལ། བསོད་ནམས་ཀྱང་དེ་ལ་བརྟེན་ནས་བསོག་པ་ལ། ཁྱོད་དགོངས་པ་མྱ་ངན་ལས་འདས་ནས་སེམས་ཅན་རྣམས་ཚོགས་བསོག་པའི་རྟེན་མེད་པས། སེམས་ཅན་ཐམས་ཅད་ཀྱི་ཚོགས་