R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 128
[A:128]བསགས་པའི་རྟེན་ཞིག་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱི་ཞལ་འཛུམ་དང་བཅས་པའི་སྒོ་ནས་འོད་ཟེར་རྣམ་པ་བཞི་འཕྲོས་ཏེ། གཅིག་ལྷ་ཆེན་པོ་ཚངས་པ་ལ་ཕོག གཅིག་གཟའ་ཆེན་པོ་ཁྱབ་འཇུག་ལ་ཕོག གཅིག་ལྷའི་དབང་པོ་བརྒྱ་བྱིན་ལ་ཕོག གཅིག་བཟོ་བོ་བི་ཤྭ་ཀརྨ་ལ་ཕོག་པས། ཁོང་རྣམས་སྤོབས་པ་བསྐྱེད་དེ། ལྷ་ཆེན་པོ་ཚངས་པས་ཐལ་མོ་སྦྱར་ཏེ་གསོལ་བ། ཡོན་ཏན་མཐའ་ཡས་བསམ་གྱིས་མི་ཁྱབ་པའི། །རྒྱལ་བ་འཇིག་རྟེན་མགོན་པོ་ཐུབ་པ་ཡི། །རིན་ཆེན་ལྔ་ལས་གྲུབ་པའི་ཆོས་ཀྱི་སྐུ། །དགེ་ལེགས་ཕྱོགས་བཅུར་རྒྱས་ཕྱིར་བདག་གིས་བཞེངས། །ཞེས་སོ། །གཟའ་ཆེན་པོ་ཁྱབ་འཇུག་གིས་ཀྱང་ཐལ་མོ་སྦྱར་ཏེ་གསོལ་བ། རྣམ་དག་སྐུ་མངའ་རྐང་གཉིས་གཙོ་བོ་ཡི། །རིན་ཆེན་ལས་གྲུབ་ལོངས་སྤྱོད་རྫོགས་པའི་སྐུ། །གངས་ཅན་མཚོ་རྒྱལ་འདོད་རྒུ་འབྱུང་བའི་གཏེར། །སེམས་ཅན་དབུལ་བ་སེལ་ཕྱིར་བདག་གིས་བཞེངས། །ཞེས་སོ། ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཐལ་མོ་སྦྱར་ཏེ་གསོལ་བ། ཐུབ་པའི་དབང་པོ་ལྷ་དབང་ལྷ་ཡི་ལྷ། །གསེར་གྱི་ལྷུན་པོ་མཚན་དཔེའི་རྒྱན་གྱིས་སྤྲས། །རིན་ཆེན་ལྔ་ལས་གྲུབ་པའི་སྤྲུལ་པའི་སྐུ། །འགྲོ་ཀུན་བསོད་ནམས་གསོག་ཕྱིར་བདག་གིས་བཞེངས། །ཞེས་སོ། །ལྷ་བཟོ་བི་ཤྭ་ཀརྨས་ཐལ་མོ་སྦྱར་ཏེ་གསོལ་བ། ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོ་ཡིས། །མ་འོངས་སེམས་ཅན་བསོད་ནམས་བསགས་པའི་ཕྱིར། །རིན་ཆེན་ལྔ་ལས་གྲུབ་པའི་ངོ་མཚར་ཅན། །སྐུ་གསུམ་བཞེངས་པའི་ལྷ་བཟོ་བདག་གིས་བགྱིད། །ཅེས་ཞུས་སོ། །དེ་ནས་ལྷ་ཆེན་པོ་ཚངས་པས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་བཞེངས་པའི་བཟོ་རྒྱུ་ལ། རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཕུང་པོ་ཆེན་པོ་གཅིག གསེར་སོགས་ཞུན་མའི་ཕུང་པོ་ཆེན་པོ་གཅིག ཆུ་ཤེལ་ཞུན་མའི་