[A:244]ནས་ཐམས་ཅད་དགའ་བར་གྱུར་པ་དང༌། སང་ཉིན་ལྷ་འདྲེས་བཤིག་འདུག་གོ ། ཡང་ཁྲི་བཙུན་སྡུག་བསྔལ་བར་གྱུར་ནས། རྒྱལ་པོའི་དྲུང་དུ་བྱུང་སྟེ། རྒྱལ་པོ་ཆེན་པོ་མཚོ་བསུབས་པའི་སྟེང་དུ་ལྷ་ཁང་བརྩིག་མི་བཏུབ་པར་འདུག་པ། བདག་གི་ལྷ་ཁང་ལ་གཟིགས་དང་ཞེས་ཞུས་པས། རྒྱལ་པོའི་ཞལ་ནས། ཁྱོད་སྡུག་བསྔལ་མ་བྱེད་ཅིག ང་ལ་གྲོས་འདྲི་ས་ཞིག་ཡོད་དོ་གསུངས་སོ། །དེར་རྒྱལ་པོས་ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས། ནམ་མཁའ་ནས་གཟུགས་མེད་པའི་སྒྲ་ཞིག་བྱུང་སྟེ༑ རྒྱལ་པོ་ཁྱེད་རང་གི་སྐུ་འབག་ཇོ་བོ་བཅུ་གཅིག་ཞལ་ཞིག་བཞེངས་ན། ཁྱེད་ཀྱི་ལྷ་ཁང་བཞེངས་པ་ལ་འགལ་རྐྱེན་མི་འབྱུང་བར་འགྱུར་རོ་ཟེར་ཏེ་མི་སྣང་བར་གྱུར་ཏོ། །དེར་རྒྱལ་པོའི་ཞལ་ནས་བལ་པོའི་ལྷ་བཟོ་བ་ལ། ཁྱོད་ཀྱིས་ངའི་སྐུ་འབག་ཏུ་མིང་བཏགས་པའི། འཕགས་པ་བཅུ་གཅིག་ཞལ་ཞིག་བཞེངས་ནུས་སམ་གསུངས་པས། ནུས་ལགས་ཟེར་ཏེ། དེའི་བཟོ་རྒྱུ་ལ་ཙནྡན་སྦྲུལ་གྱི་སྙིང་པོའི་དུམ་བུ། ཙནྡན་གོར་ཤི་ཥའི་དུམ་བུ། བྱང་ཆུབ་ཤིང་གི་ཡལ་ག རྒྱ་མཚོ་གླེའི་འཇག་མ། ཆུ་བོ་ནཻ་རཉྫ་རའི་བྱེ་མ། དབེན་གནས་ཆེན་པོ་བརྒྱད་ཀྱི་ས་ལ་སོགས་པ་རྒྱ་གར་ནས་སྤྱན་དྲངས་པའི་ངོ་མཚར་ཆེ་བའི་རྫས་མང་པོ་བསགས་ཏེ། ལེགས་པར་བརྡར་ནས། བ་དམར་པོའི་འོ་མ་དང༌། ར་དཀར་མོའི་འོ་མ་ལ་སྦྱར་ཏེ༑ འཇིམ་པའི་ཕུང་པོ་ཆེན་པོ་ཞིག་བྱས། རྒྱལ་པོ་རིན་པོ་ཆེའི་ཁྲིའི་སྟེང་དུ་གཟིམས་པའི་དབུ་སྔས་སུ་བཞག་སྟེ། རྒྱལ་པོས་ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་ནས། ངའི་ཡི་དམ་གྱི་ལྷ་འདི་ལ། སྤྱན་རས་གཟིགས་ལ་རིགས་མང་པོ་ཡོད་པ་ཇི་ལྟ་བུ་ཞིག་བཞེངས་དགོངས་པ་དང༌། དེ་རྣམས་ཀྱི་ནང་ནས་བཅུ་གཅིག་ཞལ་ཡིད་བཞིན་གྱི་ནོར་བུ་ལྷག་པ་ཡིན་པས་བཞེངས་དགོས་དགོངས་པ་དང༌།