[A:245] སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉི་ཟེར་གྱི་རྡུལ་ཙམ་དུ་ལྷགས་ཏེ༑ འཇིམ་པའི་ཕུང་པོ་ལ་ཐིམ་པ་རྒྱལ་པོས་གཟིགས་པས། རྒྱལ་པོའི་ཐུགས་ལ། ངའི་ཡི་དམ་འདི་ལ་བྱིན་རླབས་ཅན་ཞིག་འབྱོན་པར་འདུག་གོ་དགོངས་ནས། རིན་པོ་ཆེའི་ཁྲིའི་སྟེང་དུ་གཟིམས་སོ། །ནངས་པར་གུང་ལངས་པ་དང༌། བཅུ་གཅིག་ཞལ་ཡིད་བཞིན་གྱི་ནོར་བུ་རང་བྱོན་དུ་སྣང་སྟེ། ལྷ་བཟོས་བཞེངས་མ་དགོས་སོ། །དེ་ལ་རྩ་བའི་ཞལ་གསུམ་དཀར་པོ་རབ་ཏུ་འཛུམ་པ་ཞི་བའི་ཕྲིན་ལས། དེའི་སྟེང་གི་ཞལ་གསུམ་གསེར་གྱི་མདོག་རྔམས་པའི་ཁྲོ་ཞལ་རྒྱས་པའི་ཕྲིན་ལས། དེའི་སྟེང་གི་ཞལ་གཉིས་བྱི་རུའི་མདོག་བཞད་པའི་ཁྲོ་ཞལ་དབང་གི་ཕྲིན་ལས། དེའི་སྟེང་གི་ཞལ་གཉིས་ནག་པ་ཁྲོས་ཤིང་གདངས་པའི་ཁྲོ་ཞལ་དྲག་པོའི་ཕྲིན་ལས། དེའི་སྟེང་དུ་ཨ་མི་དྷེ་བ་ལི་ཁྲིའི་མདོག་ཅན་ཨ་མི་དྷེ་བ་མན་རྒྱལ་པོའི་སྐུ་ཚད་དང་མཉམ་པ། ཆོས་སྐུའི་རྩ་བའི་ཕྱག་བཅུའི་ཕྱག་མཚན་ནི། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་བགྲང་ཕྲེང༌། གསུམ་པ་ན་འཁོར་ལོ། བཞི་པ་ན་མཆོག་སྦྱིན། ལྔ་པ་ན་འོད་དཔག་མེད་བསྣམས་པའོ། ། གཡོན་གྱི་གཉིས་པ་ན་པདྨ་དཀར་པོ། གསུམ་པ་ན་རིལ་བ་སྤྱི་བླུགས། བཞི་པ་ན་རིན་པོ་ཆེ། ལྔ་པ་ན་མདའ་གཞུ་བསྣམས་པའོ། །
སྤྲུལ་པའི་ཕྱག་རྣམས་ནི་ལྷ་བཟོ་བས་བཞེངས། རང་བྱོན་དུ་བྱོན་དུས། རྩ་ཕྱག་བཅུ་པོ་ལས་མི་འདུག
ལོངས་སྤྱོད་རྫོགས་པའི་ཡན་ལག་སུམ་ཅུ་སོ་བརྒྱད་ཡོད་པ་ནི། གཡས་ཕྱོགས་ཀྱི་ཕྱག་བཅུ་དགུའི་རིམ་པ་བཞིན་དུ། དང་པོ་ན་རིན་པོ་ཆེ། གཉིས་པ་ན་ཞགས་པ། གསུམ་པ་ན་ལྷུང་བཟེད། བཞི་པ་ན་རལ་གྲི། ལྔ་པ་ན་རྡོ་རྗེ། དྲུག་པ་ན་མེ་ཤེལ། བདུན་པ་ན་ཆུ་ཤེལ། བརྒྱད་པ་ན་གཞུ། དགུ་པ་ན་ལྕུག་མ། བཅུ་པ་ན་རྔ་ཡབ། བཅུ་གཅིག་ན་ཕུབ།