[A:129]ཕུང་པོ་ཆེན་པོ་གཅིག་རྣམས་བཟོ་བོ་བི་ཤྭ་ཀརྨའི་མདུན་དུ་སྤུངས་སོ། །དེར་བཟོ་བོ་བི་ཤྭ་ཀརྨས་ཀྱང༌། རིན་པོ་ཆེ་དེ་རྣམས་བཞུ་བཏུལ་ལུགས་སུ་བླུགས་པ་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུའི་རྟེན་དབྱིབས་ནི་མཆོད་རྟེན། ཆེ་ཆུང་གི་ཚད་ལ་ལྷ་ཚངས་པའི་འདོམ་གང་ཡོད་པ། ཁ་དོག་དུ་བ་ལྟ་བུར་ཡོད་པ་ཞིག་བཞེངས། རྟེན་དེ་ལ་ནི་སངས་རྒྱས་ཉིད་ཀྱིས་རབ་གནས་མཛད་དེ། མེ་ཏོག་འཐོར་ཞིང་བྱིན་གྱིས་བརླབས་པར་མཛད་དོ། །དེ་ནས་ཆོས་སྐུའི་རྟེན་མཆོད་རྟེན་དེ་ལྷའི་ཡུལ་དུ་གདན་དྲངས་ཏེ་བཞུགས་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ནུབ་ཕྱོགས་ཨུ་ཌྱན་གྱི་ཡུལ་དུ་གདན་དྲངས་ཏེ། ས་ལ་མ་བབས་པར་བར་སྣང་གི་ནམ་མཁའ་ལ་བཞུགས་སོ། །དཔལ་རེག་པ་མེད་པའི་མཆོད་རྟེན་ཞེས་གྲགས་སོ། །ལྷའི་ཡུལ་ན་བྱོན་པས་ལྷ་ལས་བབས་པའི་མཆོད་རྟེན་ཞེས་ཀྱང་གྲགས་སོ། ཁ་དོག་དུ་བ་ལྟ་བུར་ཡོད་པས་དུ་བ་ལྟ་བུའི་མཆོད་རྟེན་ཞེས་གྲགས་སོ༑ ༑དེ་ནས་ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་བཞེངས་པའི་བཟོ་རྒྱུ་ལ། ཁྱབ་འཇུག་གིས་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཕུང་པོ་ཆེན་པོ་གཅིག མརྒད་ཞུན་མའི་ཕུང་པོ་ཆེན་པོ་གཅིག ཆུ་ཤེལ་ཞུན་མའི་ཕུང་པོ་ཆེན་པོ་གཅིག་རྣམས་བཟོ་བོ་བི་ཤྭ་ཀརྨའི་མདུན་དུ་སྤུངས་སོ། །དེར་བི་ཤྭ་ཀརྨས་རིན་པོ་ཆེ་དེ་རྣམས་བཞུ་བཏུལ་ལུགས་སུ་བླུགས་པ་ལ་བརྟེན་ནས། སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་ཆུ་ཞེང་གབ་པ་ལ་དཔག་ཚད་བརྒྱད་ཅུ་ཡོད་པ། སྐུའི་ངོ་བོ་གངས་ཅན་མཚོ་རྒྱལ། ཕྱག་གཉིས་མཉམ་གཞག་ཏུ་ཡོད་པ། སྐུ་མདོག་མཐིང་ག་དབུའི་སྤྱི་གཙུག་ན་ཆུ་ཤེལ་བུམ་པ་ཙམ་ཞིག་ཡོད་པ། བཞུགས་གནས་ཕྱིའི་རྒྱ་མཚོ་ཆེན་པོ་ལ་བཞུགས་ཤིང༌། སྐུ་ལྟེ་བ་མན་ཆད་ཆུ་ནང་དུ་ནུབ་སྟེ། མཚོ་ནང་ན་གནས་པའི་