[A:252]ཡན་ལག་ཏུ་དགེ་དྲུང་གི་ལྷ་ཁང་བཏབ། དེའི་སྒྲུབ་པ་རྩེའི་བྲག་ཕུག་ཏུ་བྱས་སོ། ། དཔྱི་མགོ་གཡོན་གནོན་པའི་ཕྱིར་དུ། གྲུབ་པ་རྒྱལ་དྲི་མེད་རྣམ་དག་གི་ལྷ་ཁང་བཞེངས། དེའི་ཡན་ལག་ཏུ་འབྲེའི་ལྷ་ཁང་བཏབ། དེའི་སྒྲུབ་པ་རྒྱང་གི་བྲག་ཕུག་ཏུ་བྱས་སོ། །དེ་ནས་ཡང་འདུལ་གྱི་ལྷ་ཁང་བཞི་བརྩིགས་པ་ནི། གྲེ་མོ་གཡས་གནོན་པའི་ཕྱིར། ཤར་སྟག་གི་མགོ་སྟེང་དུ། ཀོང་པོ་བུ་ཆུའི་ལྷ་ཁང་བཞེངས། གྲེ་མོ་གཡོན་གནོན་པའི་ཕྱིར། ལྷོ་འབྲུག་གི་ཟེ་སྟེང་དུ། ལྷོ་བྲག་མཁོན་མཐིང་གི་ལྷ་ཁང་བཞེངས། པུས་མོ་གཡས་གནོན་པའི་ཕྱིར། ནུབ་ཕྱོགས་བྱ་དམར་པོའི་སྒལ་སྟེང་དུ། བྱམས་ཆེན་དགེ་རྒྱས་ཀྱི་ལྷ་ཁང་བཞེངས། པུས་མོ་གཡོན་གནོན་པའི་ཕྱིར། བྱང་རུས་སྦལ་གྱི་དཔྲལ་སྟེང་དུ། པྲ་ངན་ཙེའི་ལྷ་ཁང་བཞེངས། དེས་ཀྱང་མ་ཐུབ་དོགས་ན། རུ་གནོན་གྱི་ལྷ་ཁང་བཞི་བཞེངས་ཏེ། ལག་མཐིལ་གཡས་གནོན་པའི་ཕྱིར། ཁམས་སུ་གླང་ཐང་སྒྲོན་མའི་ལྷ་ཁང་མི་ཉག་གིས་ལག་དཔོན་བྱས་ནས་བཞེངས། ལག་འཐིལ་གཡོན་གནོན་པའི་ཕྱིར། ལྷོ་ཕྱོགས་སུ་བུམ་ཐང་སྐྱེར་ཆུའི་ལྷ་ཁང་ཐོ་དཀར་གྱིས་ལག་དཔོན་བྱས་ནས་བཞེངས། རྐང་མཐིལ་གཡས་གནོན་པའི་ཕྱིར། ནུབ་དཔལ་ཁ་ཆེའི་གནས་སུ། མཚལ་རིག་ཤེས་རབ་སྒྲོན་མའི་ལྷ་ཁང་བལ་པོས་ལག་དཔོན་བྱས་ནས་བཞེངས། རྐང་མཐིལ་གཡོན་གནོན་པ་ལ། བྱང་ཕྱོགས་སུ་ཚངས་པ་རླུང་ནོན་གྱི་ལྷ་ཁང་ཧོར་སྦ་དཔལ་དབྱངས་ཀྱིས་ལག་དཔོན་བྱས་ནས་བཞེངས་སོ། །གཞན་ཡང་ཤར་དུ་ཀ་ཆུ། ཀང་ཆུ། གླིང་ཆུ་གསུམ། ཉི་ཟླ་གཟའ་སྐར་གཏན་ལ་འབེབས་པའི་ཕྱིར་དུ་བཞེངས་སོ། །ལྷོ་རུ་སྙལ་སྣང་གྲོ་ལྷ་ཁང༌། གླིང་ཐང་གཉིས། མེ་ལྷ་དྲང་སྲོང་བསྒྲུབས་ཏེ་མེའི་ཁ་གནོན་དུ་བཞེངས། ནུབ་ཏུ་གུ་ལང་ཤིང་ཁུན་གཉིས། བལ་བོད་ཀྱི་སོ་མཚམས་