[A:254]
རྟགས་ཡོད་ཙམ་ལའང་ཕྱག་བྱེད་པར་དམ་བཅས་པ་ཡིན་པས་དེ་ངོ་མཚར་མི་ཆེའམ་གསུངས་པས། སྤྲང་བན་དེ་ལངས་ཏེ་བླ་གོས་ཧྲུལ་པོ་དེ་དཔུང་པ་ལ་གཟར་ནས། རྒྱལ་པོ་ཁྱེད་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་ནས་རབ་ཏུ་བྱུང་བ་ལ་མོས་གུས་མཛད་དེ། བདག་སྤྲང་བན་ལ་ཕྱག་མཛད་པ་དེ་ངོ་མཚར་ཆེ་སྟེ། ངའི་འདིའང་ངོ་མཚར་མི་ཆེའམ་གསུངས་ནས། མཆོད་རྟེན་རྩེ་ལྔ་དེ་ལག་པ་གཡས་པའི་སོར་མོ་ལྔའི་སྟེང་དུ་བླངས་ཏེ་བསྐོར་བ་གཅིག་བྱས་སོ། །དེར་རྒྱལ་པོ་ཅུང་ཞིག་སྐྱེངས་པར་གྱུར་ནས། དབུའི་ལ་ཐོད་ཕུད་དེ། ཨ་མི་དྷེ་བའི་ཞལ་བསྟན་ནས། ཁྱེད་ཀྱི་དེ་ངོ་མཚར་ཆེ་སྟེ། ངའི་འདིའང་ངོ་མཚར་མི་ཆེའམ་གསུངས་པས། ཡང་སྤྲང་བན་དེས་བྲང་སྒོ་ཕྱེ། མཚོན་ཆས་བྲང་གཤགས་ཏེ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཐམས་ཅད་བྱང་ཁོག་ནང་དུ་བཞུགས་པ་བསྟན་ནས། རྒྱལ་པོ་ཁྱེད་ལ་ལྷ་གཅིག་ལས་མི་འདུག ང་ལ་འདི་ཙམ་ཡོད། འདི་ངོ་མཚར་མི་ཆེའམ་ཟེར་བས། རྒྱལ་པོ་ཤིན་ཏུ་དགྱེས་ཤིང་དད་པར་གྱུར་ནས་མཆོད་གནས་སུ་མཛད་དོ༑ ༑དེར་རྒྱལ་པོའི་ཞལ་ནས། རབ་ཏུ་བྱུང་བ་རྣམས་ནི་བླ་གོས་ཧྲུལ་པོའམ་ཆ་ལུགས་དང་སྤྱོད་ལམ་ཅི་འདྲ་ནའང༌། ལོག་པར་ལྟ་བ་མ་བྱེད་པར་མོས་གུས་གྱིས་ཤིག དཔེར་ན་འདི་ལྟ་བུའོ་ཞེས་ཞལ་གདམས་སོ། །མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་དང༌། འཕྲུལ་སྣང་ར་མོ་ཆེ་རྣམས་ལེགས་པར་བཞེངས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།
བཅོ་ལྔ་པ། ལྷ་ས་གཉིས་དང༌། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཚར་ནས་རབ་ཏུ་གནས་པར་མཛད་པའི་སྐོར། དེ་ནས་ཁྲི་བཙུན་དང་ཀོང་ཇོ་གཉིས་ཀྱིས་གཙུག་ལག་ཁང་ལེགས་པར་བཞེངས་པས་ཡོངས་སུ་རྫོགས་པར་