[A:255]ཚར་ཏེ། རྒྱལ་པོ་སྤྱན་དྲངས་ནས། པོ་ཏ་ལའི་རྩེར་ཕེབས་སོ། །དེའི་སང་ཁྲི་བཙུན་གྱིས་གཙུག་ལག་ཁང་གཟིགས་པར་འབུལ་བ་ལ། སྤོས་དང་རོལ་མོ་སྣ་ཚོགས་པ་དང་བཅས་ཏེ། རྒྱལ་པོ་བློན་པོའི་ཚོགས་དང་བཅས་པ་འཕྲུལ་སྣང་དུ་སྤྱན་དྲངས་སོ༑ ༑དེར་ཁྲི་བཙུན་གྱིས་ལྷ་ཁང་གི་སྒོ་ཕྱེས་ནས། རྒྱལ་པོ་ནང་དུ་བྱོན་པར་བཞེད་པ་ལ་མཐིལ་གྱི་ཞ་ལ་ཆུའི་མདོག་ལྟ་བུ། སྟེང་ཕྱོགས་ཀྱི་གཟུགས་བརྙན་ཐམས་ཅད་དེ་ལ་ཤར་བ་གཟིགས་པས། སྔར་གྱི་མཚོ་འདི་བརྡོལ་འདུག་དགོངས་ནས། ནང་དུ་འབྱོན་མ་ནུས་པ་དང༌། ཁྲི་བཙུན་གྱིས་སོར་གདུབ་ཕུད་དེ་གཏོར་བས། ཁྱག་ཐོག་ཁར་རྡེའུ་བསྐུར་བ་བཞིན་ཁྲོལ་གྱིས་སོང་བ་དང༌། རྒྱལ་པོས་གཟིགས་པས་ཐུགས་ཆེས་ཏེ་ནང་དུ་བྱོན་ནོ། །དེར་ཁྲི་བཙུན་ལ་ཁྱེད་ཀྱི་ལྷ་ཁང་འདི་འཕྲུལ་དུ་སྣང་ངོ་གསུངས། དང་པོ་ར་ལ་ས་བཀལ་ནས་མཚོ་བསྲུབས། དེ་ནས་རྒྱལ་པོས་འཕྲུལ་དུ་སྣང་ངོ་གསུངས་པས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཞེས་ཡོངས་སུ་གྲགས་སོ། །དེ་ལྟར་རྒྱལ་པོས་ལྷ་ཁང་ནང་གི་ངོ་མཚར་ཆེ་བ་རྣམས་གཟིགས་པས། འདི་ལྟ་སྟེ། ངོ་མཚར་འགྲན་མེད་རྒྱལ་བའི་གཞལ་ཡས་ཁང༌། ། ཡོན་ཏན་མཐའ་ཡས་རབ་ཏུ་མཛེས་པ་སྟེ། །གཞི་མ་གྲུ་བཞི་ལྷུན་གྱིས་གྲུབ་པ་ལ།། ཟུར་ཆེན་བཞི་ནི་གཡུང་དྲུང་རིས་སུ་བྱས། །སྒོ་ཡི་རི་བཞི་དཀྱིལ་འཁོར་ལྟ་བུར་བཟོས། །མཐིལ་གྱི་ཞ་ལ་བཻཌཱུརྱ་ཡི་མདོག །སྟེང་གི་རི་མོ་ཉ་དང་ཆུ་སྲིན་རྣམས།། མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་ནོ། །སྟེང་འོག་གཉིས་ཀྱི་ཀ་བ་ཐམས་ཅད་ནི། །རབ་ཏུ་མཛེས་པ་རྡོ་རྗེ་ཕུར་པའི་བཟོ། །ཀ་གཞུ་གདུང་དང་གདུང་ཁེབས་མཆོད་རྟེན་བརྩེགས། །བཟོ་ཡི་རྣམ་འགྱུར་ངོ་མཚར་འགྲན་ཟླ་མེད། །ཕྱི་ནང་གབ་སྤངས་ཀ་གཞུ་ཐམས་ཅད་ལ། །སྔོན་གྱི་སྒྲུང་བརྒྱུད་གསལ་བར་འབུར་